༄༅།། ༧སྐུའི་གྱ་སྟོན་ལ་རྟེན་འབྲེལ་ཞུ་མཚོན་དུ་ཕུལ་བའི་གསོལ་འདེབས་ཤིས་ཚིག་དད་པའི་མགུར་དབྱངས།

ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་སྐུ།

ལྷ་རྩ་གསུམ་རྒྱལ་བ་ཞི་ཁྲོ་ཡིས།།
མགོན་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཔྱིད།།
རྗེ་བླ་མའི་ཞབས་ཟུང་རྡོ་རྗེའི་རིས།།
དུས་ཀུན་ཏུ་བཀྲ་བའི་ཤིས་པ་སྩོལ།།

གནས་དག་པ་ལོངས་སྐུའི་ཞིང་ཁམས་ནས།།
ཐུགས་དག་པ་ཆོས་སྐུའི་ལྷ་ལམ་ངོས།།
གསུང་དག་པ་གདམས་པའི་ཟེར་བརྒྱ་བཅས།།
སྐུ་དག་པ་གངས་རིའི་མགོན་དུ་ཤར།།

ལམ་ཚོགས་གཉིས་བསྲུབས་པའི་རླུང་གིས་བཏེགས།།
སྐུའི་ལང་ཚོ་བརྒྱད་ཅུའི་སྤྲིན་རུམ་ནས།།
དོན་རླབས་ཆེན་འཕྲིན་ལས་བདུད་རྩིའི་རྒྱུན།།
ཞིང་འགྲོ་ལ་སྨན་པའི་ཆར་དུ་འཇོ།།

མ་འགྲོ་བའི་ཕན་བདེ་ཐུགས་ཀྱི་དབུས།།
ཆོས་རིས་མེད་དག་སྣང་ཐུགས་ཀྱི་བཅུད།།
བོད་ཁ་བའི་བདེ་སྡུག་ཐུགས་ཀྱི་དཔལ།།
ཕྱོགས་ཀུན་ནས་རྒྱས་པའི་དགེ་མཚན་འབར།།

ཐུགས་ལྟ་སྤྱོད་གཙང་མའི་ཞིང་ས་རུ།།
སྒོམ་ཏིང་འཛིན་རྒྱ་མཚོས་རྩ་བ་བརླན།།
སྡོམ་བསླབ་གསུམ་དག་པའི་དྲི་བསུང་འཐུལ།།
སྐུ་ཞི་དུལ་བག་ཡོད་ལྗོན་བཟང་མཛེས།།

གནས་གྲངས་མེད་ཤེས་བྱའི་ཡུལ་ལ་མཁས།།
དགྲ་ཉོན་མོངས་སྤངས་པའི་ཐབས་ཀྱིས་བཙུན།།
མ་འགྲོ་དྲུག་རིས་མེད་བསྐྱངས་པས་བཟང་།།
རྗེ་མཚུངས་མེད་སྐྱེ་དགུའི་འདྲེན་པར་བཞེངས།།

བོད་ཁ་བའི་རིག་གཞུང་རྒྱ་མཚོའི་གཏེར།།
བོད་ཁ་བའི་སྣོད་བཅུད་ཀུན་གྱི་བདག།
བོད་ཁ་བའི་བླ་སྲོག་གངས་རིའི་ཏོག།
བོད་ཁ་བའི་མགོན་དུ་བརྟན་པར་བཞུགས།།

སེམས་དག་པ་དད་པའི་ལྡིང་ཁང་ནས།།
ངག་དག་པས་བསྟོད་དབྱངས་གསོལ་འདེབས་ལྷན།།
ལུས་དག་པ་གུས་པའི་ལྷ་ཕྱག་བཅས།།
གྲངས་དག་པ་བརྒྱད་ཀྱིས་བཀྲ་ཤིས་འབུལ།།

ཐུགས་བསྐྱེད་དཔག་བསམ་ལྗོན་པའི་ས་བོན་སྨིན།།
སྐྱེ་འགྲོའི་གདུང་སེལ་གདམས་པའི་ཡལ་འདབ་གྲོལ།།
མཛེས་སྐུ་གསེར་གྱི་མཆོད་སྡོང་མིག་གི་དཔྱིད།།
ཞི་བདེའི་ལྷ་བྱ་དཀར་པོའི་གདུགས་༵མཆོག་ཡངས།།

གདུལ་བྱའི་དད་དམ་འོ་མའི་རྒྱ་མཚོ་རུ།།
དཔག་མེད་ཚོགས་གཉིས་གསེར་གྱི་གཤོག་རྩལ་ངོམ།།
ཕུལ་བྱུང་འཕྲིན་ལས་འོད་ཀྱིས་རབ་འཁྱུད་པའི།།
དཔལ་ལྡན་བླ་མའི་ཞབས་ཟུང་གསེར་ཉ་༵མཛེས།།

ཀུན་ཕན་གཏེར་ཆེན་མཛའ་བརྩེའི་ལྟོ་བ་རུ།།
རིས་མེད་ཆོས་ཀྱི་དག་སྣང་བདུད་རྩི་འཁྱིལ།།
ལུས་ཅན་གདུང་བ་ཞི་བའི་གསོས་སུ་བསྩལ།།
ལེགས་བྱས་མཛོད་ཀྱི་གསེར་བུམ་༵འོད་དུ་འཚེར།།

རྨད་བྱུང་བྱམས་དང་བརྩེ་བའི་ཟེའུ་འབྲུ་བརྟས།།
སྣང་སྟོང་ཟུང་འཇུག་ལྟ་བའི་འདབ་མ་གཡོ།།
དེང་རབས་རྣམ་དཔྱོད་རྒྱས་པའི་བུང་བ་འགུགས།།
རྒྱལ་སྲས་རིག་པའི་པ༵ད་དཀར་རྣམ་པར་བཞད།།

མང་ཐོས་གཞུང་ལུགས་གནད་ལ་ཤིན་ཏུ་མཁས།།
མཁས་པས་ཚུལ་བཞིན་བསམས་ཏེ་ཐུགས་རྒྱུད་བཙུན།།
བཙུན་པའི་ཉམས་ལེན་ཟབ་པས་ཀུན་ལ་བཟང་།།
བཟང་པོའི་མཚན་སྙན་ཆོས་དུང༵་གླིང་བཞིར་གྲགས།།

ལྟ་བ་རྟེན་འབྱུང་ཟབ་མོའི་མཁའ་རུ་བགྲོད།།
སྒོམ་པ་ཏིང་འཛིན་རྒྱ་མཚོའི་ཕ་མཐར་སོན།།
སྤྱོད་པ་འཚེ་མེད་ཞི་བའི་ཀློང་དུ་རྩེན།།
བགྲང་ཡས་ཡོན་ཏན་སྟོང་གི་དཔལ་༵བེའུ་བཀྲ།།

ཕས་རྒོལ་ཚར་གཅོད་རྣམ་དཔྱོད་དཔུང་བ་རྒྱས།།
གཞན་ཕན་རྒྱལ་སྲས་སྤྱོད་པའི་ཡུ་བ་བརྟན།།
འགྲོ་ཀུན་དད་པའི་དྲི་བཞོན་ཕྱོགས་བཅུར་ལྡང་།།
ངེས་དོན་བདེན་པའི་རྒྱལ་༵མཚན་མཁའ་རུ་བསྒྲེངས།།

བཀྲ༷་བ་དགེ་ལེགས་སྟོང་གི་རྩིབས་བརྒྱད་གཡོ།།
ཤི༷ས་ཚིག་བསྟོད་བསྔགས་འབུམ་གྱི་མུ་ཁྱུད་འཁོར།།
བདེ༷་སྐྱིད་གཡང་གི་གྱ་སྟོན་ལྟེ་བར་འཁྱིལ།།
ལེག༷ས་ཚོགས་གསེར་གྱི་འཁོར་༵ལོ་རྒྱལ་གྱུར་ཅིག།

               ཅེས་ས་གསུམ་གྱི་ཤེས་རབ་དང་བྱམས་བརྩེ་ཡི་སྟོན་པ་ཆེན་པོ། རང་ཅག་གངས་ཅན་པ་རྣམས་ཀྱིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བཀའ་དྲིན་གསུམ་ལྡན་གྱི་བླ་མ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ཧྲིལ་པོ་བཞེས་པའི་སྐུའི་གྱ་སྟོན་ཆེན་མོར་རྟེན་འབྲེལ་ཞུ་མཚོན་དང་༧ཞབས་བརྟན་གཅིག་འཐུས་སུ་དམིགས་ཏེ། གང་གི་ཐུགས་རྗེའི་ཉི་འོད་ཀྱིས་འཚོ་བའི་གུས་འབངས་ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་མིང་པར་འབོད་པས། བོད་རྒྱལ་ལོ་ ༢༡༤༢ ཟླ་ ༥ ཚེས་ ༥ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་  ༢༡ ལ་སྒོ་གསུམ་གུས་པ་ཆེན་པོས་ཕུལ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading