གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས།

ཤིང་བཟའ་སྤྲུལ་སྐུ།

༄༅།།སྔོན་བསྐལ་བ་དཔག་མེད་དུ་མ་རུ།།
མགོན་འོད་དཔག་མེད་ཀྱི་སྤྱན་སྔ་རུ།།
བོད་གངས་ཅན་འདུལ་བར་ཞལ་བཞེས་པས།།
ཐུགས་བསྐྱེད་པ་རྫི་བོའི་དམ་བཅའ་མཛད།།
མགོན་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།

བྱམས་སྙིང་རྗེའི་རྩ་བ་རབ་བརྟན་ཞིང་།།
སྟོང་རྟེན་འབྱུང་དོན་ཀུན་རྟོགས་མངའ་བའི།།
སྐྱབས་མི་འགྱུར་རྡོ་རྗེ་འཆང་ཆེན་པོ།།
རྗེ་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས།།
འབང་བདག་ཅག་ཚེ་རབས་ཀུན་ཏུ་སྐྱོངས།།

ལམ་ཐེགས་པ་ཆེན་པོའི་སེམས་བསྐྱེད་ལ།།
ཐབས་བདེ་བ་ཆེན་པོའི་རྒྱན་གཅིག་བཏབ།།
སྣང་སྟོང་པར་བཀོད་པའི་ཤེས་རབ་ཀྱིས།།
མཐའ་བཞི་བྲལ་དབུ་མའི་ལྟ་བ་བརྙེད།།
མགོན་ཁྱེད་ཀྱི་ཞབས་ལ་གུས་པས་འདུད།།

ཆོས་ཀུན་རྫོབ་སྒྱུ་མའི་འཁྲུལ་སྣང་ན།།
དོན་རྟེན་འབྱུང་འཁོར་བའི་གཏིང་རིམ་གསལ།།
ཐུགས་སྒྱུ་འཕྲུལ་རྩ་དབུས་སྙིང་དཀྱིལ་ནས།།
སེམས་འོད་སྣང་གསལ་བའི་པད་དཀྱིལ་ན།།
སྐུ་ཚེ་མཐའ་ཡས་ཀྱི་ངོ་བོར་བཞུགས།།

ལྷོ་འཛམ་གླིང་ཞི་བདེའི་དེད་དཔོན་དང་།།
བོད་ཁ་བ་ཅན་གྱི་སྙིང་གི་ནོར།།
སྐྱབས་ཁྱེད་ལས་གཞན་ཞིག་ཡོད་མིན་པས།།
ཐུགས་བརྩེ་བས་མ་འདོར་སྐྱབས་མཆོག་ལགས།།
འབངས་བདག་ཅག་ཚེ་རབས་རྗེས་སུ་བཟུང་།།

སྐྱབས་ཁྱེད་ཀྱི་གདུལ་ཞིང་གངས་ཅན་པ།།
ལྷོ་འཛམ་བུའི་གླིང་ན་ཕྱོགས་མཐར་འཁྱམས།།
སྡུག་མུན་པའི་དུཿ་ཁ་རབ་འཁྲུགས་པའི།།
མགོན་སྐྱབས་མེད་གཞིས་བྱེས་བོད་མི་ཚོར།།
ཐུགས་བརྩེ་བས་གཟིགས་ནས་བཞུགས་སུ་གསོལ།།

སྤྱིར་འཛམ་གླིང་ཞི་བདེའི་ཐུགས་འདུན་དང་།།
ཕྱོགས་རིས་མེད་གྲུབ་མཐའི་མཐུན་ལམ་སོགས།།
མགོན་ཁྱེད་ཀྱི་ཐུགས་དགོངས་གསུམ་གཙོས་པའི།།
མ་འགྲོ་དྲུག་སེམས་ཅན་ཀུན་དགོངས་ནས།།
སྐུ་མི་འགྱུར་གཡུང་དྲུང་ལྟ་བུར་བཞུགས།།

ཆོས་ཟབ་མོ་མི་གཙོ་ཟང་ཟིང་གཙོ།།
དོན་བདེན་པ་མི་རྒྱལ་རྫུན་པ་རྒྱལ།།
རྫུན་ཆོས་ཀྱིས་བསྐྱེད་པའི་མི་ཡུལ་འདིར།།
ཆོས་བདེན་པའི་ལམ་སྟོན་ཁྱེད་གཙོ་བས།།
དོན་འདི་ལ་དགོངས་ནས་བཞུགས་སུ་གསོལ།།

མགོན་ཤཱཀྱ་ཐུབ་པའི་རྗེས་འཇུག་པས།།
དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།།
གྲོང་སྡེ་བའི་བར་ན་འདུར་རྒྱུགས་བྱེད།།
ཆོས་སྔགས་ལོག་སྤེལ་བའི་དུར་ངན་འདིར།།
སྤྱིར་རྒྱལ་བསྟན་ཆེད་དུ་བཞུགས་སུ་གསོལ།།

དགོས་འཛམ་བུ་གླིང་གི་བྱང་ཕྱོགས་ན།།
བོད་ཁ་བ་ཅན་གྱི་སྐྱེ་འགྲོ་དག།
གསུང་བཀའ་སློབ་རང་ནུས་ཅི་ལྕོགས་ཀྱིས།།
དུས་རྒྱུན་དུ་བརྩོན་པའི་དམ་ཚིག་ལ།།
ཐུགས་བརྩེ་བས་གཟིགས་ནས་སྐུ་ཚེ་བརྟན།།

དོན་འདི་ལ་དགོངས་ནས་འགྲོ་བ་རྣམས།།
ཐུགས་སྙིང་རྗེས་བརྩེ་བས་ཡང་ཡང་གཟིགས།།
དབྱིངས་སྤྲོས་བྲལ་རྟོག་པའི་ཀློང་དབྱིངས་ནས།།
སྐུ་མི་འགྱུར་ཚེ་མཐའ་ཡས་ཀྱི་ངོར།།
དུས་ནམ་ཡང་བརྟན་པར་བཞུགས་སུ་གསོལ།།

         མདོ་སྨད་ ༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོར་གང་གི་སློབ་བུའི་གྲལ་མཐར་འཛིན་པ་ཤིང་བཟའ་སྐྱེ་མིང་བ་ནས་དགའ་སྤྲོ་ཆེན་པོས་ཕྱི་ལོ་༢༠༡༥ ཟླ༣ ཚེས་༡༠ ཉིན་གསོལ་འདེབས་སུ་སྦྱར་བ་དགེའོ།། །།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s