གྱ་སྟོན།

__ སྨྱུག་མདའ།

བྱང་ནས་ལྷོ་ལ་གྱེས་པའི་ཨམ་ཕྲུག་ཅིག།
ལོ་ཚད་མ་སྨིན་བསམ་བློ་བཅུད་སྦྲུམ་པ།།
གཡོ་སྒྱུའི་མདུང་དང་གོ་སར་མ་སྐྲག་པར།།
སྒེའུ་ཡོལ་ནག་པོའི་བར་ནས་གནད་ཀ་རྙེད།།

བརྩེ་བ་སྣུམ་པོ་གཅེས་པའི་སྲོག་ཏུ་བཞེངས།།
ཞི་བ་དུང་གིས་ཁ་བའི་འབངས་ལ་གཟིགས།།
རྐྱེན་ངན་རླུང་ལ་འཐབ་པའི་རི་དཔུང་ནས།།
རྟེན་འབྱུང་པང་དུ་ལེན་པའི་དྲང་སྲོང་ཞིག།།

རི་བོ་ཡམ་ཡོམ་སྲིད་ཀྱི་ཆོམ་སྒྲ་ཡིས།།
བྱིས་ཆུང་གོམ་ཁར་མངར་སྐྱུར་ཁ་གསུམ་བྱིན།།
ཚུགས་ཀ་སྣ་ཚོགས་གཟིམ་ཁྲིའི་སྟེང་དུ་ནུར།།
ཤེར་རབ་རྩལ་ལ་རང་ཚུགས་གཅུད་དེ་ཡོད།།

དམག་སྡེ་མིག་ཆུས་བརླན་པའི་མཚན་གཞུང་དེར།།
དཔྱོད་ཡངས་བློ་མིག་རྒོད་པོས་ང་རོ་བསྒྲགས།།
མི་ཡུལ་ཞབས་སྣེ་བསྲིངས་པའི་སྟ་གོན་དེ།།
ནོར་བུ་གླིང་ཀ་ངྷ་སའི་རི་ངོགས་གྱུར།།

ཡོད་ཚད་ཟང་ཟིང་ཁྲོད་དུ་ཚུབ་འཚུབ་སྐབས།།
ཆག་འཇིག་ཀློང་དུ་ལོོ་རྒྱུས་སྒོ་ཞིག་བཏོད།།
ན་བཟའ་རལ་བོའི་འཚོ་བ་རྟུལ་ཕོད་ཀྱིས།།
བདེན་པ་མཁའ་རུ་སྐྱོད་པའི་མགྲིན་པ་བཀྱགས།།

ཤེས་རབ་ག་ལེར་བཀྲམ་པའི་ལོ་ཟླ་ལ།།
ནང་གི་རི་མོ་འཛམ་གླིང་ངོས་སུ་དཔར།།
གཏམ་དོན་རེ་རེར་འཁྱེར་ནས་འཛུམ་པ་ན།།
རྒྱལ་སྤྱི་ཡོར་ཡོར་འགུལ་བའི་ཤེད་ཅིག་རིག།

ད་ནི་ཁྱེད་ཉིད་ཡོད་པའི་འཇིག་རྟེན་ལ།།
ཕྲ་ཞིབ་ལྷུ་ལག་སྲ་མོའི་གོ་བརྡ་ཡོད།།
ཉི་ཐིག་གཙུག་ལ་ཤར་བའི་གངས་རི་ཚང་།།
དགུང་ལོ་བརྒྱད་ཅུའི་འདབ་མར་སྐྱིད་སྡུག་ཚུད།།

དེ་རིང་རི་བོའི་ཕར་ཚུར་དབྱངས་རྟས་མདུད།།
དུས་ཆེན་བཟང་པོ་ཡི་གེའི་ནང་དུ་ཤན།།
གྱ་སྟོན་འདི་འང་ཁ་བས་དྲིན་དུ་འབོད།།
དགུང་ལོ་བརྒྱ་དང་བཅུ་གསུམ་སྐལ་དུ་གསོལ།།

བོད་ཟླ ༥ ཚེས ༥ ཉིན་བྲིས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s