༧གོང་ས་མཆོག

____ཨ དོན་ཉི།

ཞབས་ཐང་དྷ་སར་བསྒྱུར་བའི་༧གོང་ས་མཆོག །
འགྲོ་ལ་ཕན་བདེ་བསྐྲུན་པའི་དགེ་སྦྱོང་ཞིག །
ཙི་ནས་ས་མཐར་སྤྱུགས་པའི་༧གོང་ས་མཆོག །
འོད་ཀྱི་གཤོག་ཟུང་ལྡན་པའི་སྐྱེས་ཆེན་ཞིག །

དགྲ་ལ་མཛའ་ཞིང་བརྩེ་བའི་༧གོང་ས་མཆོག །
ཆོས་ཀྱི་རྟ་དབྱངས་འཐེན་པའི་སྟོན་པ་ཞིག །
ཕ་རོལ་བདེ་ལ་འགོད་པའི་༧གོང་ས་མཆོག །
སྙིང་རྗེའི་རང་གཟུགས་འོད་དུ་གྱུར་བ་ཞིག །

སྐུ་གཟུགས་ཐང་ཐང་ཡིན་པའི་༧གོང་ས་མཆོག །
མུན་པའི་སྒོ་ཆེན་གཅོག་པའི་རྡོ་རྒན་ཞིག །
མཁའ་ཁྱབ་འགྲོ་བར་དགའ་བའི་༧གོང་ས་མཆོག །
ཡོངས་རྫོགས་བྱམས་ཀྱིས་སྐྱོང་བའི་ཕ་རྒན་ཞིག །

སུས་ཀྱང་དོ་ཟླ་མི་ཡོང་༧གོང་ས་མཆོག །
བརྒྱ་ཚོགས་སྟོང་འདུས་དབུས་ཀྱི་གསེར་ལྕེ་ཞིག །
རྒྱུ་འབྲས་མིག་ལྟར་སྲུང་བའི་༧གོང་ས་མཆོག །
རི་བོ་སྒོམ་ལ་བསྡད་འདྲའི་རྟུལ་ཞུགས་ཡོད། །

དབུ་སྐྲའི་གཏིང་བ་སེ་བའི་༧གོང་ས་མཆོག །
གངས་རི་ཕྱག་ལ་ཐོགས་པའི་དྲང་སྲོང་ཞིག །
ཟླ་གམ་སེར་པོ་མནབས་པའི་༧གོང་ས་མཆོག །
གོ་ལའི་གཙུག་ཏུ་ཤར་བའི་སྐར་ཆེན་ཞིག །

སྤྱན་ཤེལ་དཀར་པོ་གྱོན་པའི་༧གོང་ས་མཆོག །
ཞི་བའི་གྲོས་ར་འཚོལ་བའི་དགེ་སློང་ཞིག །
ཞལ་ངོ་ལྷུག་ལྷུག་དགོད་པའི་༧གོང་ས་མཆོག །
ས་ཆེན་ག་ལེར་འགུལ་འདྲའི་རྔམ་བརྗིད་ཡོད། །

མཛད་རྗེས་བོད་ལ་འཇོག་པའི་༧གོང་ས་མཆོག །
གནམ་འདེགས་ཀ་བར་བརྩེངས་བའི་རི་བོ་ཞིག །
ཐུགས་གཤིས་བླ་ནས་དཀར་བའི་༧གོང་ས་མཆོག །
ངང་རྒྱུད་ཆུ་བོ་བཞིན་དུ་རིང་བ་ཞིག །

མྱི་སེམས་ཐབས་ཀྱིས་འགུག་པའི་༧གོང་ས་མཆོག །
རི་བོ་ཧི་མ་ལ་ཡི་མཐོ་ཚད་ཡིན། །
དཀར་པོ་དགེ་བར་སྐུལ་བའི་༧གོང་ས་མཆོག །
ས་སྒང་གཡོ་བར་བྱེད་པའི་འཕགས་པ་ཞིག །

ཀུ་རེ་གཏམ་ལ་མཁས་པའི་༧གོང་ས་མཆོག །
བདེ་བ་ལག་ལ་འཇོག་ནུས་སངས་རྒྱས་ཤིག །
རྒྱལ་སྤྱིའི་སྡིངས་ཆ་འགྲིམ་པའི་༧གོང་ས་མཆོག །
ཀུན་གྱིས་ཡར་ལ་བཀུར་བའི་འཁྱམས་པོ་ཞིག །

ཐུགས་རྒྱུད་དུང་ལྟར་དཀར་བའི་༧གོང་ས་མཆོག །
མུན་པའི་འཁྱག་རི་བཞུ་བའི་སྒྲོན་མེ་ཞིག །
ཕྱག་ཟུང་ཐལ་མོ་སྦྱར་བའི་༧གོང་ས་མཆོག །
ཞི་བདེ་ཕུག་རོན་དཀར་པོའི་གཤོག་འགྱུར་ཞིག །

ཤེས་བྱའི་བང་མཛོད་ཡིན་པའི་༧གོང་ས་མཆོག །
སྤྱན་མིག་གདངས་བ་ཙམ་ནས་ཞི་བདེ་སློང་། །
བཀའ་སློབ་ཕེབས་པ་ཙམ་ནས་བདེན་པ་སྨྲ། །
ཚན་རིག་ནང་བསྟན་བསྡུར་ལ་སྤོབས་པ་མཐོ། །

མིའི་རིགས་སྤྱི་ལ་གཏོགས་པའི་༧གོང་ས་མཆོག །
འགྲོ་བའི་སྡུག་བསྔལ་འཇོམས་པའི་ཉི་མ་ཞིག །
གོ་ལའི་ཚེ་སྲོག་གཅེས་པའི་༧གོང་ས་མཆོག །
སྡང་སེམས་རྩ་ནས་སྤངས་བའི་ཡུལ་གྱར་ཞིག །

སེམས་གཤིས་མདའ་ལྟར་དྲང་བའི་༧གོང་ས་མཆོག །
ཞི་བདེའི་ཚོགས་ཆེན་སྟེང་གི་དབུ་ཁྲིད་གཅིག །
འགྲོ་དྲུག་ཐུགས་ལ་ཤོང་བའི་༧གོང་ས་མཆོག །
ནག་ཕྱོགས་གཡུལ་ལས་རྒྱལ་བའི་གྲྭ་བཙུན་ཞིག །

ས་ཆེན་ཞབས་ཀྱིས་བཅགས་པའི་༧གོང་ས་མཆོག །
གངས་རི་དར་ཆ་བྱས་པའི་མཚོན་དོན་ཡིན། །
འཛམ་གླིང་ལག་ན་འཁོར་བའི་༧གོང་ས་མཆོག །
བསྐལ་བའི་རྡོ་རིང་ངོས་ཀྱི་བོད་ཡིག་ཡིན། །

འཕྲུལ་གྱི་བརྙན་ངོས་སོགས་ན་དགོད་པ་དེ། །
གངས་ཀྱི་བགྲེས་པོ་ཁོང་གི་གདོང་པ་ཡིན། །
ཡིག་རིགས་བརྒྱ་ཕྲག་མང་པོར་བསྒྱུར་བ་དེ། །
བོད་ཀྱི་སྐྱེས་ཆེན་ཁོང་གི་སྐད་ཆ་ཡིན། །

རྒྱལ་བའི་ཁྲི་ན་བཞུགས་པའི་༧གོང་ས་མཆོག །
རྡུལ་གྱི་ཕྲ་རབ་འབྱེད་པའི་ཡེ་ཤེས་ཤིག །
སྟོང་ཉིད་རྗེན་པར་གཟིགས་པའི་༧གོང་ས་མཆོག །
ཆོས་ཀྱི་སྦྱིན་པ་གཏོང་བའི་ནང་པ་ཞིག །

སེམས་ཀྱི་ཁ་ལོ་ཆེན་པོ་༧གོང་ས་མཆོག །
འཛམ་གླིང་དཔའ་བོ་སྟོང་གི་ཡང་རྩེ་ཡིན། །
མི་ཡི་བསམ་བློ་མངའ་བའི་༧གོང་ས་མཆོག །
དགའ་སྐྱོ་ཆགས་སྡང་སྙོམ་པའི་ས་མཚམས་ཡིན། །

གཞིས་བྱེས་ཕྱག་གིས་སྐྱོར་བའི་༧གོང་ས་མཆོག །
ཡི་གེ་ཀ་མད་སུམ་ཅུའི་གདངས་དབྱངས་ཡིན། །
ཕ་ཡུལ་སྤྱན་གྱིས་འཚོས་པའི༧གོང་ས་མཆོག །
བོད་པ་ས་ཡ་དྲུག་གི་རེ་སྒུག་ཡིན། །

སྤྱན་རས་གངས་ལ་གཡོ་བའི་༧གོང་ས་མཆོག །
རི་རྩེ་སྟོང་དུ་ཤར་བའི་ཉི་མ་ཡིན། །
ཤེས་ཡོན་སློབ་པར་སྐུལ་བའི་༧གོང་ས་མཆོག །
མཚན་མོའི་མུན་པ་འགམ་པའི་ཟླ་འོད་ཡིན། །

བྱམས་པའི་བདག་ཉིད་ཆེན་པོ་༧ གོང་ས་མཆོག །
བཞུགས་སྒར་ནོར་བུ་གླིང་ཁའི་མཁའ་ཐོག་ཏུ། །
ཆོས་ཀྱི་འཁོར་ལོ་སྐོར་བཞིན་འབབ་ཀྱི་ཡོད། །
སྙིང་རྗེའི་ཆར་བ་གཏོང་བཞིན་སླེབ་ཀྱི་ཡོད། །

ཞི་བའི་དེད་དཔོན་ཆེན་པོ་༧གོང་ས་མཆོག །
ཕོ་བྲང་པོ་ཏ་ལ་ཡི་ཕྱོགས་ཆ་ལ། །
གནམ་མཐའི་སྤྲིན་པར་འཆིབ་ནས་ཡོང་གི་ཡོད། །
ཉི་མའི་སྒལ་གཞུང་སྐོར་ནས་ཕེབས་ཀྱི་ཡོད། །

༢༠༡༥/༦/༢༠/ རྒོངས་ཀ་ཞིག་ལ་གྲུབ།

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s