དགེ་ལུགས་སྤྱི་ཡི་དབུ་འཛིན་གནང་རོགས་གནང་།

        དེ་རིང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ནས་བཟུང་སྟེ། མཛད་པ་གཙོ་བོ་དེ་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་དང་ཕྱག་ལས་གནང་གི་ཡོད་སྟབས། སྐུ་མདུན་རང་གིས་དགོངས་པ་བཞེས་ཏེ་གཅིག་གནང་ན་མ་གཏོགས་བསྟན་བདག་ལྷན་ཚོགས་དང་ཆོས་ཁྲིམས་ལྷན་ཚོགས་ཀྱིས་ཚགས་ཚུད་པོ་ཞིག་ཡོང་རྒྱུ་ཁག་པོ་རེད་འདུག་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་ཐོག་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་གོ་སྒྲིག་འོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐེངས་དང་པོ་དེ་མགོ་འཛུགས་གནང་སོང་ལ། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཚོགས་བཅར་དུ་མཁན་ཟུར་ ༤༧ དང་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ ༩༧ གྱི་མཁན་པོ་དང་གྲྭ་བཙུན་ ༣༠༠ ཙམ་ཞིག་ལྷན་འཛོམས་གནང་སོང་།
ལྷན་ཚོགས་ཀྱི་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་སྲིད་སྐྱོང་མཆོག་བཅས་ཀྱིས་རྒྱལ་བ་༧པཎ་ཆེན་གྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་སྒྲོན་འབུལ་ཞུས་རྗེས། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གཏམ་བཤད་གནང་དོན། རི་བོ་དགེ་ལུགས་པས་ད་ལོའི་འཁྲུངས་སྐར་ནས་ལོ་རྗེས་མའི་འཁྲུངས་སྐར་བར་དུ་ལོ་གཅིག་རིང་ལ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཆོག་པའི་སྐྱབས་འཇུག་ཞུས་པ་ལྟར། ༧གོང་ས་མཆོག་གིས་ཡིན་ཡང་ཞལ་བཞེས་ཀྱི་བསྐལ་བཟང་ཐོབ་སྟེ། ང་ཚོ་ད་ལྟ་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གཉིས་ཆགས་ཡོད་སྟབས། དགེ་ལུགས་བསྟན་བདག་ལྷན་ཚོགས་ངོས་ནས་མཛད་རིམ་དེ་གཉིས་ལག་ལེན་དུ་འཁེལ་བའི་ཆེད་དུ། ཆེད་བཙུགས་ཚོགས་ཆུང་ཞིག་བཙུགས་གནང་མཛད་དེ། དེའི་ཚོགས་གཙོར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ནས་ཚོགས་གཞོན་དུ་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་རིན་པོ་ཆེ་མཆོག་དང་། ངའི་ཕྱག་སྤྲེལ་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་དང་ངེད་བཅས་ཚོགས་གཙོ་གཞོན་པ་གསུམ། དེ་བཞིན་ཚོགས་མིའི་ནང་ལ་གདན་ས་གྲྭ་ཚང་བཅུ་གཅིག་གི་ཕྱག་མཛོད་དང་འཐུས་མི། གདན་ས་བླ་སྤྱི་གསུམ་གྱི་ཕྱག་མཛོད་རྣམ་པ་གསུམ། དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་དང་དཔལ་ལྡན་སྔགས་རམས་ཚོགས་ཆུང་གི་འཐུས་མི་བཅས་ང་ཚོ་ ༢༠ ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་བཙུགས་གནང་སྟེ། ང་ཚོ་ཚོགས་ཆུང་ངོས་ནས་ཡིན་ཡང་ཚོགས་ཆུང་མཚན་བྱང་དེར་བསྟན་བདག་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ ༼དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་ཚོགས་ཆུང་༽ཞེས་བཏགས་གནང་མཛད་དེ། མཚན་བྱང་དེའི་འོག་ནས་ང་ཚོས་བསྒྲུབ་དགོས་པའི་ལས་རིམ་འདྲ་པོ་དེ། ༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་ལོ་གཅིག་གི་བཀའ་དྲིན་རྗེས་དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཆེན་མོ་གཉིས་ཆགས་ཀྱི་ཡོད་པ་རེད། ང་ཚོ་ཆེད་བཙུགས་ཚོགས་ཆུང་དེ་མ་ཉིད་དུ་ཚོགས་ཏེ་བརྟན་བཞུགས་ཀྱི་གོ་རིམ་དང་། དེ་བཞིན་ལོ་གཅིག་གི་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་ཁག་མང་པོ་ཞིག་བསྒྲིགས་གནང་མཛད་དེ། དེའི་ཐོག་ལ་ཆེད་དུ་རྒྱུན་ལས་ཚོགས་ཆུང་ཞིག་རྡ་རམ་ས་ལར་བཙུགས་ཏེ་བརྟན་བཞུགས་དེ་བསྒྲུབས་པ་རེད། ད་ནས་བཟུང་སྟེ་ལོ་གཅིག་ནང་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་མང་པོ་ཞིག་ཡོད་པའི་ནང་ནས། ང་ཚོ་ཚོགས་ཆུང་གི་ཐོག་མའི་ཐག་གཅོད་བྱ་རྒྱུ་དེ། ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་ཞུ་སྟངས་དེ་ཁོང་གི་བཀའ་བཞིན་བསྒྲུབ་རྒྱུ་ལས་ལྷག་པ་ཞིག་མེད་སྟབས། ༧རྒྱལ་བ་རིན་པོ་ཆེས་སྤྱི་དང་བྱེ་བྲག་གི་ཐུགས་འགན་ཆེན་པོའི་ཐོག་ནས། ང་ཚོར་ལམ་སྟོན་བཀའ་སློབ་ཇི་སྙེད་ཅིག་གནང་ཡོད་པའི་ནང་ནས་སྐབས་སུ་བབ་པ། ང་རང་ཚོ་རི་བོ་དགེ་ལྡན་པར་དགེ་ལྡན་སྤྱི་ཡི་སྒྲིག་འཛུགས་འདི་སྲ་བརྟན་ཚགས་ཚུད་ཡོང་ཆེད་ཚང་མས་མཉམ་རུབ་ཐོག་ཐུགས་འཁུར་བཞེས་དགོས་པའི་བཀའ་སློབ་ཡང་ཡང་གནང་ཡོད་སྟབས། བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་དང་པོ་དེ་དགེ་ལུགས་སྤྱི་ཡི་སྒྲིག་འཛུགས་དེང་རབས་དང་མཐུན་པ་ཡར་རྒྱས་ཚགས་ཚུད་ཡོང་ཆེད། རི་བོ་དགེ་ལྡན་པའི་གྲོས་ལ་དབང་བ་བསྟན་པའི་བདག་པོ་ཡོངས་རྫོགས་གདན་འདྲེན་ཞུས་ཏེ། ཚོགས་ཆེན་འདི་གོ་སྒྲིག་ཞུ་པ་ཞིག་ཆགས་ཡོད། ཅེས་སོགས་བརྗོད་སོང་།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གིས་དགེ་ལུགས་པའི་དབུ་འཛིན་གནང་རོགས་གནང་སྐོར་གསུངས་དོན། དགའ་ལྡན་ཁྲི་པ་འདི་མཚན་གནས་ཆེན་པོ་ཡིན་དུས་གང་བྱུང་མང་བྱུང་བྱས་ན་ཡག་པོ་མི་འདུག ཁྲི་པར་ཕེབས་རྒྱུ་འདི་ཚགས་ཚུད་པོ་དང་མཁས་པོ་ཆེན་མོ་དགོས་ཀྱི་འདུག སྔོན་མ་ཡིན་ན་ཁྲི་པར་བྲ་བྲང་དེ་འདྲ་ཡོད་པ་མ་རེད། ཁང་པ་གླས་ནས་བཞུགས་ཀྱི་ཡོད་པ་རེད། ད་ལྟ་དགའ་ལྡན་ཁྲི་པ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ལ་བླ་བྲང་ཡོད་པ་རེད། ད་ལྟ་འདི་བར་སྤྱི་ཐོག་ཁང་ཆེན་རྒྱག་ཐུབ་པ་ཡག་པོ་ཡོད་སྟབས་ཚང་མས་དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ནས་བཟུང་སྟེ། མཛད་པ་གཙོ་བོ་དེ་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་དང་ཕྱག་ལས་གནང་གི་ཡོད་པ་རེད། སྐུ་མདུན་མཆོག་གིས་མི་མང་ལ་དམངས་གཙོ་གསོལ་རས་བསྩལ་ཡོད་པ་རེད། སྐུ་མདུན་རང་གིས་དགོངས་པ་བཞེས་ཏེ་གཅིག་གནང་ན་མ་གཏོགས་བསྟན་བདག་ལྷན་ཚོགས་དང་ཆོས་ཁྲིམས་ལྷན་ཚོགས་ཀྱིས་ཚགས་ཚུད་པོ་ཞིག་ཡོང་རྒྱུ་ཁག་པོ་རེད། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དགུང་ལོ་ ༩༦ བར་དུ་བཞུགས་རྒྱུ་དང་དགའ་ལྡན་ཕོ་བྲང་གི་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། དེ་བར་དུ་ང་ཚོས་ཐུགས་བསམ་བཞེས་ནས་དེ་ཚོའི་ཐོག་ལ་གཅིག་གནང་ན་མ་གཏོགས་དཔེ་ཁག་པོ་ཆགས་ཡོད་སྟབས། ཚང་མས་ཐུགས་བསམ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་ངར་དམིགས་བསལ་སྐད་ཆ་དེ་འདྲ་འདྲི་རྒྱུ་ཡོད་ན་ཁ་ཐུག་དྲིས་ན་འགྲིག་གི་རེད། ཁྲི་པ་མཆོག་ནས་འདི་འདྲ་གནང་མི་འདུག དེ་འགྲིག་མི་འདུག་ལབ་པ་ཡིན་ན་ག་དུས་ཡིན་ནའང་དགའ་བསུ་ཡོད། ཅེས་སོགས་གསུངས་སོང་།
དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནང་ཆོས་ལ་མཚན་སྨད་ཡོང་རྒྱུར་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་དོན། ཉེ་ལམ་འཛམ་གླིང་སྤྱི་ཡོངས་ནང་ལ་ནང་ཆོས་དང་དེ་ཡང་དམིགས་བསལ་སྒོམ་རྒྱག་སྟངས་གཙོས། ཚན་རིག་མཁས་པ་དང་བགྲོ་གླེང་བྱ་རྒྱུ་དེ་དར་གསོ་ཆེན་པོ་ཆགས་བསྡད་འདུག ངས་ཉེ་ལམ་གསར་འགྱུར་ཞིག་མཐོང་བྱུང་། དེའི་ནང་འཛམ་གླིང་སྤྱི་ཡོངས་ནང་ནང་ཆོས་བྱེད་མཁན་ག་ཚོད་ཡོད་རེད་ཟེར་སྐབས། ཧྥ་རན་སི་ནང་ཕལ་ཆེར་ནང་ཆོས་བྱེད་མཁན་མང་ཤོས་གསུམ་པའམ་བཞི་པ་གང་ཡིན་ཞིག་ཡིན་པ་ཡོད། ལུང་པ་རེ་རེའི་ནང་ལ་ནང་ཆོས་བྱེད་མཁན་ག་ཚོད་ཡོད་མེད་ཨང་གྲངས་གཞི་བཞག་གསུམ་པ་བཞི་པ་ཟེར་ནས་བཏོན་ཡོད་པ་མ་ཟད་མང་པོ་ཞིག་ནང་ཁྱབ་ཡོད་སྟབས། དེ་དང་མཉམ་དུ་དེ་ལ་ཉེན་ཁ་ཞིག་གང་འདུག་ཟེར་ན། ནང་ཆོས་ལ་མཚན་སྨད་འགྲོ་རྒྱུའི་ཉེན་ཁ་ཞེ་པོ་ཞིག་ཡོད་པ་མཐོང་གི་འདུག ཉེ་ལམ་འབར་མའི་ནང་ལ་ནང་པས་ཁ་ཆེར་ཐུབ་ཚོད་ཞེ་པོ་ཞིག་བཏང་གི་འདུག་ཟེར་ཏེ། སྙན་གྲགས་ཅན་གྱི་ཚགས་ཤོག་ཁག་གི་མདུན་ཤོག་མང་པོ་ཞིག་ཏུ་ནང་པ་འཇིགས་སྐུལ་རིང་ལུགས་པ་ཟེར་བ་དང་། ཡང་དགེ་འདུན་པ་ཞིག་གིས་མེ་མདའ་ལན་དྲུ་ (Pistol) འཁྱེར་ཡོད་པ་དེ་འདྲ་བཏོན་གྱི་འདུག དེ་བཞིན་སིང་གྷ་ལཱ་ལྟ་བུ་ཡིན་ཡང་མཁྲེགས་བཟུང་ཅན་གྱི་ནང་པ་བ་ཚོས་ཏ་མིལ་མི་རིགས་ལ་ཐུབ་ཚོད་དང་དབྱེ་འབྱེད་གཏོང་གི་ཡོད་པ་བཏོན་གྱི་འདུག དེར་བརྟེན་ནང་ཆོས་ལ་མཚན་སྨད་འགྲོ་རྒྱུའི་ཉེན་ཁ་ཞིག་ཆགས་ཀྱི་འདུག ང་ཚོས་དེ་ཚོའི་ཐོག་ལ་ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་དང་། བོད་བརྒྱུད་ནང་བསྟན་འདི་གཞན་དང་མ་འདྲ་བ་ཞིག་ཡིན་པ་ད་ལྟ་བར་གནས་ཡོད་པ་འདི། མུ་མཐུད་དར་སྤེལ་དང་འདིའི་སྤུས་ཚད་དེ་ཡག་ཏུ་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། ཉེ་ཆར་ཕོ་བྲང་དཀར་པོའི་ནང་ལ་ཨ་རིར་ཡོད་པའི་ནང་ཆོས་ཀྱི་མགོ་ཁྲིད་དང་མཁས་པ་ ༡༣༠ གདན་འདྲེན་ཞུས་ཏེ་བགྲོ་གླེང་ཐེངས་དང་པོ་ཚོགས་སོང་། དེས་བརྡ་ལན་ག་རེ་སྤྲད་ཀྱི་ཡོད་རེད་ཟེར་ན། ཨ་རིའི་ཕོ་བྲང་དཀར་པོ་ཡིན་ཡང་ནང་ཆོས་དེ་གལ་ཆེན་པོ་རེད་ཟེར་ཏེ། འཛམ་གླིང་སྤྱི་ཡོངས་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་མ་ཟད། དེ་བཞིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེས་ཡིན་ཡང་། ད་ལན་ལྡི་ལིར་ས་ག་ཟླ་བ་ཉིན་ནང་ཆོས་ཀྱི་མགོ་ཁྲིད་མང་པོ་ཞིག་འཛོམས་སྐབས་ཁོ་རང་དངོས་སུ་ཕེབས་ནས་སྲུང་བརྩི་གནང་བར་བརྟེན། རྒྱ་གར་གྱི་སྲིད་བློན་ཡིན་ཡང་ནང་ཆོས་དེ་གལ་ཆེན་པོ་ཆགས་ཀྱི་འདུག་ཟེར་ནས་བརྡ་ལན་བཏང་གི་ཡོད་པ་གསལ་པོ་ཡིན་སྟབས། ད་ལྟ་བར་དུ་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་ཡོད་པའི་ང་ཚོའི་རྩ་ཆེ་བའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་མུ་མཐུད་ནས་བསླབ་པ་སློབ་གཉེར་སྤུས་དག་ཏུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། འཛམ་གླིང་སྤྱི་ལ་ཐོན་སྐབས་དངོས་གནས་རང་རེད་བཞག་ཟེར་བ་ཞིག་ད་ལྟ་ཡོད་བཞིན་པའི་ཆེ་མཐོང་དེ་གནས་ཐུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་འདུག ཅེས་སོགས་གསུངས་སོང་།
ཤར་པ་ཆོས་རྗེ་མཆོག་གིས་༧གོང་ས་མཆོག་གིས་དགེ་ལུགས་པའི་དབུ་འཛིན་གནང་རྒྱུའི་ཐུགས་རེ་དང་དགེ་ལུགས་སྤྱིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་ཀྱི་རྒྱུ་གང་ཡིན་སྐོར་གསུངས་དོན། སྤྱིར་བཏང་ད་ལྟ་བར་དུ་རི་བོ་དགེ་ལུགས་པའི་འགན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་པའི་གདན་ས་ཁག་གི་མཁན་པོ་རྣམ་པ་ཚོས་གནང་གི་ཡོད་ཀྱང་། མ་འོངས་པར་རི་བོ་དགེ་ལུགས་པའི་དབུ་བླ་གཙོ་བོ་དེ་དགའ་ལྡན་ཕོ་བྲང་གི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བོ་བཞེས་ཏེ། དེའི་འོག་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ། མཁན་ལས་ཟུར་རྣམ་པ་ཚོས་གནང་ན་ཡག་པོ་མིན་འགྲོ་ཟེར་ནས་དེ་སྔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ང་རང་སྒེར་ལ་བཀའ་མོལ་དེ་འདྲ་གནང་བྱུང་། དེར་བརྟེན་ད་ཐེངས་ལྷན་ཚོགས་ཐོག་ཚང་མས་ཐུགས་ལ་བཞག་ནས་དེའི་ཐོག་ལ་བཀའ་མོལ་གནང་རྒྱུའི་རེ་བ་ཡོད། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་མོའི་དགའ་ལྡན་ཕོ་བྲང་འབྲས་སྤུངས་ལ་བཞེངས་བསྒྲུབས་པ་ཡིན་སྟབས། ང་ཚོ་རི་བོ་དགེ་ལུགས་པའི་འགན་གཙོ་བོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། དེའི་འོག་ལ་དགའ་ལྡན་ཁྲི་པ་དང་ཤར་བྱང་ཆོས་རྗེ་གཙོས། མཁན་ལས་ཟུར་རྣམ་པས་གནང་ན་བརྟན་པ་ཡོང་གི་རེད། དེ་མིན་མ་འོངས་པར་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག་པས་རྣམ་པ་ཚོས་དགོངས་པ་བཞེས་ཏེ། གྲོས་གཞི་དེ་ཡོད་ན་མེད་ན་དེ་ཚོའི་ཐོག་ལ་བཀའ་མོལ་གནང་རོགས་ཞུ་རྒྱུ་གཅིག་དང་། ད་གིན་དགེ་ལུགས་སྤྱིའི་སྒྲིག་འཛུགས་སྲ་བརྟན་ཡོང་དགོས་པའི་སྐོར་ལ་ལབ་སོང་། སྤྱིར་བཏང་ཚང་མས་དགེ་ལུགས་པའི་བཅའ་ཡིག་ཆེན་མོར་ཞུ་དག་ཐེངས་ཁ་ཤས་བཏང་སྟེ་གཏན་འབེབས་བྱས་ཡོད་པ་མཁྱེན་གསལ་རེད། དཔེར་ན་ང་ཚོ་འབྲས་སྤུངས་ལ་ཆ་བཞག་ན་འབྲས་སྤུངས་ཀྱི་ཚོགས་ཆེན་བརྒྱུད་ནས། བོད་ཟླ་ ༧ ཚེས་ ༨ ཉིན་བོད་ཀྱི་ལུགས་སྲོལ་འདྲ་པོ་བཅའ་ཡིག་ཆེན་མོའི་ཚུལ་ཁྲིམས་ཀྱི་ལུང་གནང་བ་དང་འབྲེལ། གྲྭ་ཚང་ཚོའི་དགེ་བའི་བཤེས་གཉེན་རྣམ་པས་ལུགས་དང་མཐུན་པ་བཅའ་ཡིག་ཆེན་མོའི་གཞུང་འཛིན་གྱི་ཡོད་པ་རེད། དེས་དགེ་ལུགས་སྤྱིའི་སྒྲིག་འཛུགས་སྲ་བརྟན་ལ་ཕན་ཐོགས་བྱུང་གི་ཡོད་པ་རེད། དེ་རིང་དགོན་ཁག་ ༩༧ དང་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་དང་། ལྷག་པར་དུ་སོག་པོ་ཚོས་བཅའ་ཡིག་དེའི་དགོངས་དོན་ཐུགས་ལ་བཅངས་ནས་རྒྱུན་འཁྱོངས་གནང་ཐུབ་པ་ཡིན་ན། དེ་ནི་དགེ་ལུགས་སྤྱིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་ཀྱི་རྒྱུ་གཙོ་བོ་དེ་ཚོ་ཆགས་ཡོད། ཅེས་སོགས་གསུངས་སོང་།
བྱང་རྩེ་ཆོས་རྗེ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུ་དེ་བཀའ་དྲིན་རྗེས་དྲན་ངོ་མ་ཡིན་པ་གསུངས་དོན། ད་ལྟ་ནང་བཞིན་དེ་སྔོན་ང་ཚོས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དགེ་ལུགས་སྤྱི་ཡི་དབུ་འཛིན་གནང་རོགས་གནང་ཞེས་སྔོན་མའི་གྲོས་ཆོད་མང་པོའི་ནང་ཞུས་ཡོད་པ་མ་ཟད། ད་ལྟ་ཡིན་ཡང་ཞུ་དགོས་པ་རེད། དེ་དང་མཚུངས་པ་ང་རང་ཚོས་ཡིན་ཡང་དགེ་ལུགས་སྤྱི་ཚགས་ཚུད་ཡོང་རྒྱུར་འཆར་གཞི་ཞིག་གཏིང་སྟེ་ད་ལྟ་འདིར་ཚང་མ་ཕེབས་ཡོད་སྟབས། གྲོས་གཞིའི་ནང་ལ་ཡོད་པ་ལྟར་ཚང་མས་གྲོས་བསྡུར་ལྷུག་པོ་ཞིག་གནང་སྟེ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཟེར་བ་ལྟར་དེ་དང་མཚུངས་པ་ཞིག་དགེ་ལུགས་ཡོངས་རྫོགས་ཀྱིས་འགན་བཞེས་དགོས་པ་མ་ཟད་དགོན་སྡེ་ཡོངས་རྫོགས་ལ་གཟིགས་རྟོག་གནང་དགོས་པ་རེད། དགོན་སྡེ་གང་འདྲ་ཞིག་ཡིན་ཡང་སྤྱི་ལ་འཕྱར་བ་གྲུ་འདེགས་གནང་རྒྱུ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་ཡོད་རེད་དྲན་གྱི་འདུག དེར་བརྟེན་ཚང་མས་དེ་ཚོའི་ཐོག་ལ་གྲོས་བསྡུར་ལྷུག་པོ་གནང་རྒྱུ་ཞིག་དང་། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བསྒྲུབ་རྒྱུའི་ཆེད་དུ་ང་རང་ཚོ་དགོན་པ་སོ་ སོས་གང་བྱེད་ཐུབ་པ་དེའི་ཐོག་ལ་འཐུས་ཤོར་མི་ཤོར་བ་བྱ་རྒྱུ་ཞིག་དང་།  ཕྱོགས་གཞན་ཞིག་ནས་མི་སྐྱ་ཚོས་དོན་གཉེར་བྱ་རྒྱུའི་ཆེད་དུ་གང་བྱེད་དགོས་མིན་ཐད་ལ་གྲོས་བསྡུར་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་གསུངས་རྗེས། རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཞོན་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཐུགས་རྗེ་ཆེའི་གཏམ་བཤད་གནང་སོང་།
དེ་རིང་ཉིན་རྒྱབ་ཚོགས་བཅར་བ་རྣམས་སྡེ་ཚན་དྲུག་ལ་ཆ་བགོས་གནང་སྟེ། རི་བོ་དགེ་ལྡན་པའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སྐོར་ལ་གོ་བསྡུར་གནང་རྒྱུ་དང་སང་ཉིན་སྔ་དྲོ་གྲོས་ཆོད་ཁག་གཏན་འབེབས་དང་འབྲེལ། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ ༧གོང་ས་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

ཡོངས་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s