ལོ་ཟླའི་ཐོབ་ཤོར། (བོད)

ཚེར་མའི་མེ་ཏོག (ལན་གྲུ།) 

                 ང་རང་ཨ་མའི་མངལ་ལས་སྐྱེས་ཏེ་འཇིག་རྟེན་འདིར་དལ་འབྱོར་མི་ལུས་རེག་ནས་བཟུང་།  རྨོ་མོ་ནི་ངའི་ཨ་མ་གཉིས་པ་སྟེ།  ངའི་བྱིས་དུས་ཀྱི་འཚོ་བ་ནི་རྨོ་མོ་དང་ལྷན་དུ་རོལ་བ་ཡིན།  རྨོ་མོས་ང་ལ་རང་ཉིད་ཀྱི་ཨ་མ་ལས་ཀྱང་ལྷག་པའི་བྱམས་བརྩེ་སྦྱིན་མྱོང་ལ་སེམས་ཁུར་ཡང་གནང་མྱོང་བར་མ་ཟད།  མཁས་མཆོག་གང་གི་ཞལ་ནས “ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོའི་ཐོག་མ་དང་།  ཕ་མ་ནི་ཆེས་ཐོག་མའི་དགེ་རྒན་ཡིན།”  ཞེས་གསུངས་པ་ནང་བཞིན་ཁོ་མོ་ནི་ངའི་ཆེས་ཐོག་མའི་འགྲོ་གྲལ་ཚེ་གོམ་ཚེ་ནས་ཀ་ཁའི་འབྲི་ཀློག་གི་ལམ་སྣེ་སྟོན་མཁན་གྱི་དགེ་རྒན་ཡང་ཡིན་ལ།  མཁས་པ་གང་གིས  “མི་གཤིས་ཐོག་མ་ཉིད་ནས་བཟང་།” ཞེས་གསུངས་པ་ལྟར་རྨོ་མོས་བཤད་ན་ཆུང་དུས་ང་རང་ཡང་བྱིས་པ་གཞན་དག་དང་འདྲ་བར་ཡ་རབས་སྤྱོད་བཟང་ཞིག་ཡིན་ལ། ཕ་མའི་ཁ་ལེན་ཚིག་བརྩི་དང་ལྷག་པར་དུ་རྨོ་མོ་ལ་ཤ་ཞེན་འདང་བརྩེ་ཆེ་བས། རུ་ཁ་ཁྱིམ་མཚེས་དང་དུས་རྒྱུན་རྨོ་མོ་དང་ལྷན་དུ་ཉི་མར་ལྡེ་བའི་ཨ་མ་རྒན་མོ་དག་གིས་ཀྱང་བསྟོད་པ་བྱེད་བཞིན་གདའ་ཟེར།

        ངའི་ཕ་ཡུལ་ནི་ཕྱུག་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཤ་སྟག་ཅིག་ཡིན་པས། ཕ་མ་གཉིས་ནི་ནམ་རྒྱུན་ཕྱུག་རིགས་འཚོ་བའི་ལས་ལ་བྲེལ་ནས། ང་དང་འབྲེལ་འདྲིས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་ལ་ཉག་ཕྲ། ངེད་ཚང་གི་ཁྱིམ་ཚང་འདི་ནི་རྨོ་མོ་དང་ངེད་གཉིས་ཀྱི་ཁྱིམ་གཞིས་ཤིག་སྟེ། ང་ལ་མཚོན་ན་རྨོ་མོ་ནི་ངའི་ཨ་མ་ཡིན་ལ་ཨ་ཕའང་ཡིན་པས།་ང་རང་ཕ་འཛོམས་མ་འཛོམས་ཀྱི་གནས་མལ་འདི་རུ་ངང་གིས་འཚར་ལོངས་བྱུང་འགོ་བརྩམས།

        ཁྱིམ་མཚེས་ཨ་མ་གཡུ་སྒྲོན་གྱིས་ངའི་རྨོ་མོ་ཆུང་དུས་སུ་སྡེ་བ་འདིའི་གླུ་མ་རྩེ་གྲས་ཤིག་ཡིན་ཟེར་བར་འང་བདེན་ལུགས་འདུག་སྟེ། དུས་རྒྱུན་ཁྱིམ་ལས་ཙག་ཙིག་ལས་ཞོར་དུ་་”སྲིད་པའི་བ་ཆུང་བཤའ་དུས་སུ། བ་མི་བཤའ་ཟེར་བའི་མི་གསུམ་ཡོད།”་ཅེས་དམངས་གླུ་སྙན་མོ་ཞིག་ལེན་གྱིན་འདུག་ལ། ཁྱིམ་མཚེས་བྱིས་པ་ཚོ་མཉམ་དུ་གཞའ་མ་གཞའ་རེས་དང་འབའ་བཏབ་ནས་རྩེད་དུས། ངས་ཀྱང་རྨོ་མོའི་གླུ་ལ་ལད་བརྡ་བྱས་ནས། བ་མོ་མི་བཤའ་ཞེས་གླུ་ལེན་པ་དང་། ད་དུང་། གཉིད་མ་ཁུགས་པའི་སྨག་ནག་གི་མཚན་མོ་རེ་རེར་རྨོ་མོས་ང་ལ་བླངས་པའི་གླུ་གཞས་སྙན་མོ་ཞིིག་སྟེ། “ལོ་ལོ་མ་ངུ་གཉིད་ལ་སྡོད།གཉིད་ལ་སྡོད་དང་རྟ་ཞིག་སྟེར།” སོགས་ངས་ཀྱང་འབྲུ་མི་གསལ་ལ་དབྱངས་མི་དག་པའི་ཚུལ་ཀྱིས་གྱ་མ་གྱེར་འགུག་བྱས་པ་ཡིན་ལ། ལན་རེར་རྩེད་རོགས་ཚོའི་རེ་བ་ལྟར་ཨ་མ་དྲེད་མོང་དང་རི་བོང་བློ་ལྡན་ཞེས་སྔ་ཚིག་ཕྱི་འགལ་བྱུང་བའི་གནའ་གཏམ་འགའ་རེའང་བཤད་པ་ཡིན་ལ།རྩེད་རོགས་བྱིས་པ་ཚོས་ཀྱང་ནམ་རྒྱུན་ང་ལ་ཁྱེད་རང་སྐྱིད་པོ་འདུག་ཟེར།
རྨོ་མོས་གླུ་དང་གནའ་གཏམ་མང་པོ་ཁྲིད་པས། ཁྱོད་ཀྱིས་ཀྱང་གནའ་གཏམ་བཤད་ཤེས་ལ་གླུའང་ལེན་ཤེས་པ་རེད། རྗེས་ཕྱོགས་ཁྱོད་རང་ང་ཚོའི་དགེ་རྒན་བྱས་ཟེར། དེ་དུས་ང་ཅུང་མི་འཐད་པའི་ཉམས་ཀྱིས་དེ་དག་ཚང་མ་རྨོ་མོའི་ང་ལ་ཁྲིད་པ་མ་རེད། ང་རང་ཉིད་ལ་ལྷན་སྐྱེས་ཀྱི་རིག་པ་མངའ་བ་ལས་སུས་ཀྱང་ཁྲིད་མྱོང་མེད། ཅེས་བཤད་པ་ཡིན།

       ལོ་ཟླ་ནི་ཐུར་མེད་ཀྱི་རྟ་ཕོ་ཇི་བཞིན་བང་གིས་བརྒྱུགས་ཏེ་ང་དང་ངའི་ན་མཉམ་རྩེད་གྲོགས་ཚང་མའང་རིམ་གྱིས་སློབ་གྲྭ་འགྲིམས་པའི་སྐལ་བཟང་གི་མེ་ཏོག་ཤར་བ་དང་། རྨོ་མོ་དང་རྟ་རྒན་རྐྱང་རྒོད་གཉིས་ནི་ང་རང་སློབ་གྲྭ་ནས་ཕར་བསྐྱེལ་ཚུར་ལེན་བྱེད་པའི་ལས་འགན་ཁག་པོ་དེ་ཕྲག་ལ་འཁུར་མཁན་ཉག་ཅིག་ཡིན་ལ། སློབ་གྲྭ་ནས་ཕྱིར་ཡུལ་ལ་ལོག་དུས་རྨོ་མོའི་ང་ལ་ལས་བྱ་འབྲི་རུ་བཅུག་པ་དང་། ཁོ་མོ་ངའི་གམ་དུ་ཙོག་པོར་བསྡད་དེ་ལག་པ་གཉིས་ཀ་སྙིང་ཁར་སྦྱར་ནས་” ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།” ཞེས་ཁ་འདོན་བཏོན་ཚར་རྗེས། ངའི་ཕྱོགས་སུ་ཅེར་ཏེ་སྒྲོལ་མ་ཐུགས་རྗེ་ཅན་གྱིས་ནམ་ཡང་སྤྱན་གྱིས་གཟིགས་རོགས་ཞེས་སྨོན་ལམ་འདེབས་པ་དང་། ངས་ལས་བྱ་བྲིས་ཚར་རྗེས་《ཧོར་གླིང་གཡུལ་འགྱེད་》ལས “དེ་ཡང་འཛམ་གླིང་སེང་ཆེན་རྒྱལ་བོ་དགུང་ལོ་བཅོ་ལྔ་བ། ཤིང་ཕོ་སྟག་གི་ལོ་ལ་ལྷ་ཆེན་ཚངས་པ་དཀར་པོ་དང་བླ་མ་མཁའ་འགྲོའི་ལུང་བསྟན་ལྟར་བདུད་འདུལ་བའི་ཕྱིར་དུ།་་་”་ཞེས་ལེའུ་རེ་སྐད་གསེང་མཐོན་པོའི་ངང་ནས་རྨོ་མོ་ལ་བཤད་རྗེས།ངའི་ཉིན་གཅིག་གི་ལས་འགན་ཡོངས་སུ་འགྲུབ་པ་ཡིན་ལ།རྨོ་མོས་ང་ལ་བྱ་དགའི་ཚུལ་དུ་གནའ་གཏམ་བཤད་པ་དང་མཚམས་རེར་དམངས་གླུ་ལེན་པ་ཡིན།

           དེ་ནས་རིམ་བཞིན་མིག་བརྡེབས་དབང་ཙམ་གྱིས་ང་རང་སློབ་ཆུང་ལོ་རིམ་ནས་སློབ་མཐར་ཕྱིན་པ་དང་། སློབ་ཆུང་ལོ་དྲུག་གི་རིང་ལ་ངའི་རྒྱུགས་འབྲས་འཛིན་གྲྭའི་ནང་གི་རྩེ་གྲས་ཡིན་ལ། ཕ་མ་གཉིས་ཀྱིས་ཀྱང་ཧ་ཅང་དགའ་བའི་ཉམས་ཀྱིས་ང་ལ་རྐང་བསྐོར་ཅིག་དང་གླུ་སྒམmp3ཞིག་ཉོས་པ་དང་། སློབ་གྲོགས་ཚང་མས་ཀྱང་ཧ་ཅང་ཡིད་སྨོན་བྱེད་པའི་ཚུལ་གྱིས་ཁྱོད་ཀྱི་རྨོ་མོས་ནམ་རྒྱུན་ལྷ་ལ་སྐྱབས་འཇུག་ཞུས་པས། ཁྱེད་ལ་གཏན་དུ་འཕགས་མ་སྒྲོལ་མས་སྤྱན་གྱིས་གཟིགས་ཡོད་པས་རེད་ཟེར། དེ་དུས། ང་རང་ཅུང་མི་བདེ་བའི་ཉམས་ཀྱིས་ང་ཁྱེད་ཚོ་དང་བསྡུར་ན་རིག་པ་རྣོ་བ་ལས་འཕགས་མ་སྒྲོལ་མས་སྤྱན་གྱིས་གཟིགས་པས་མ་རེད་ཅེས་བཤད་པ་ཡིན།

      དམའ་འབྲིང་གི་དུས་སུ་རྨོ་མོ་ནམ་རྒྱུན་སྔ་མོ་ནས་ལངས་ཏེ་རྟ་རྒན་རྐྱང་རྒོད་ལ་རྟ་སྒ་བསྟད་ནས་ང་རང་སློབ་གྲྭར་བསྐྱལ་བར་སྟ་གོན་བྱས་ཀྱང་། ངས་རྟ་རྒན་ལས་རྐང་འཁོར་མགྱོགས་པོ་འདུག་ཅེས་བཤད་རྗེས། རྐང་འཁོར་བསྐོར་ནས་སློབ་གྲྭར་ཆས་པ་དང་། ནམ་རྒྱུན་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་དུས་སུ། རྨོ་མོས་ང་ལ་《རྟ་རྒྱུགས་རྒྱལ་འཇོག》གི་ལེའུ་རྗེས་མ་དེ་ཤོད་དང་། ངས་ཁྱེད་ལ་གནའ་གཏམ་གསར་བ་ཞིག་གྲ་སྒྲིག་བྱས་ཡོད་ཟེར། འོན་ཀྱང་། ངས་རྨོ་མོ་ལ་འདི་ལྟར་བཤད་པ་ཡིན། རྨོ་མོ། དེ་རིང་ངའི་མགོ་ན་བས། སྒྲུང་བཤད་ཐུབ་ཀྱི་མ་རེད། ཨ་ཕས་ཉོས་པའི་གླུ་སྒམ(mp3)་ལས་ངས་ཁྱེད་ལ་དེང་རབས་གླུ་གཞས་ཤིག་ལེན། ཁྱེད་ཀྱིས་ང་ལ་གནའ་གཏམ་ཡང་བཤད་མི་དགོས། ཞེས་རྒྱ་ཁེ་པ་ཞིག་གིས་ལུག་ཚོང་རྒྱག་པ་ནང་བཞིན་སྐད་ཆ་ཚུར་བཤད་ལ་ཕར་ལན་རྒྱབ་པ་ཡིན།

         དེ་ལྟར། ལོ་ཟླ་ག་ཚོད་ཅིག་ངང་གིས་བསྐྱལ་ཏེ་ངའི་བློ་རིག་གི་སྒོ་གླེགས་སྔར་ལས་ཇེ་ཡངས་སུ་སོང་བ་དང་བསྟུན་ནས། ངའི་རྨོ་མོའི་དྲན་ཤེས་ཀྱི་ཚོར་བ་ནི་མར་ངོས་ཀྱི་ཟླ་བ་ནང་ལྟར་ཉམས་བཞིན་པ་སུས་ཀྱང་རྟོགས་མེད་ནའང་། དབུ་སྐྲའི་ལན་བུ་རེ་རེ་ལ་དངུལ་མདོག་གི་ཚོན་གྱིིས་བྱུགས་པ་ཇི་བཞིན་ཉིན་རེ་ནས་ཇེ་དཀར་ཡིན་ལ་ཟླ་རེ་ནས་ཇེ་ཉུང་ཡིན་པར་མ་ཟད། སྔོན་ཆད་དང་མི་འདྲ་བར།སྐད་ཆའི་འབྲུ་མི་གསལ་ལ་བཤད་པར་དེ་འདྲའི་སྤྲོ་བའང་མེད་པར་གྱུར་ཡོད་པས། ངས་ད་གཟོད་རྨོ་མོ་ལགས་ལོ་དང་ནམ་ཟླས་གཉའ་ནས་མནན་ཏེ་གཞུག་ནས་འདེད་གྱིན་པ་རྟོགས།

         ང་རང་མཐོ་འབྲིང་གི་སྐབས་སུ། ང་ཚོས་སློབ་གྲྭའི་གླུ་ཤགས་དང་དམངས་གླུ། གནའ་གཏམ་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་ཀྱི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད་ལ། སྐབས་དེར། ངའི་བྱིས་དུས་ཀྱི་འཚོ་བ་ཞིག་ངང་གིས་དྲན་བྱུང་ལ།ལྷག་པར་དུ་རྨོ་མོའི་གསལ་ལ་སྙན་པའི་གླུ་སྐད་དེ་དྲན་བྱུང་། ངས་ཀྱང་མྱུར་མོར་སློབ་གྲྭར་གནང་བ་ཞུས་རྗེས་ཕ་ཡུལ་ལ་ཆས་པ་ཡིན།

         དེ་རིང་ནི་ནམ་རྒྱུན་དང་མི་འདྲ་བར། རྨོ་མོ་དང་ཁྱིམ་མཚེས་ཨ་མ་རྒན་མོ་དག་ཉི་མར་ལྡེ་སའི་གནས་དེ་ན་ཨ་མ་གཡུ་སྒྲོན་སོགས་མི་གཉིས་གསུམ་ལས་མཐོང་རྒྱུ་མེད་ལ། ངའི་རྨོ་མོའང་མཐོང་རྒྱུ་མིའདུག ངའི་བསམ་པར་རྨོ་མོས་ཁྱིམ་དུ་ངལ་གསོས་ཡོད་པར་སྙམ་ནས་མྱུར་མོར་ཁྱིམ་གྱི་ཕྱོགས་སུ་རྒྱུགས་པ་ཡིན། ཡིན་ནའང་། ངའི་མིག་ལམ་དུ་ཐོག་མར་བརྒྱུད་འོངས་བ་ནི་སྨན་ཁབ་ཀྱི་སྐུད་པ་རིང་མོ་དེ་དང་རེ་སྒུག་གི་མིག་ཟུང་ཆ་དེ་ཡིན་ལ། སྐབས་དེར་ངའི་རང་ཉིད་ཀྱི་ཡིད་ཆེས་ལ་མི་ཆེས་པའི་མིག་ཟུང་དེ་གཉིས་ཀྱིས་རེ་སྒུག་གི་མིག་མདངས་དེ་ལ་ཅེར་ནས། རང་དབང་མེད་པར་མིག་ཆུའི་རྡོག་པོ་རེ་རེ་མུ་ཏིག་གི་ཕྲེང་ཐག་ཆད་པ་ཇི་བཞིན་འགྲམ་པའི་ངོས་སུ་ཉིལ་ཞོར། སེམས་ཀྱི་ཆེས་ཟབ་ས་ཞིག་ནས་”མི་ལ་འཆི་བ་མེད་ན་བསམ་བྱུང་།”

༢༠༡༥.༦.༢༡ཉིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s