སྨྱུག་མདའ།
གསང་བ་བྲག་ལ་བརྡབས་པ་ཧད་དེ་བལྟས་ན།།
རྐང་རྗེས་རི་མོ་མེད་པ་ཁ་སེམས་ཨེ་རེད།།
སྡུག་གླུའི་མུན་པ་རིང་མོས་སྐེ་སོ་འཕེན་པ།།
མི་ཚོགས་འུར་གྱིས་སྣང་བ་བཀྱགས་སྟངས་ཨེ་རེད།།
བྱེ་རྡུལ་གཙང་བོའི་འགྲམ་དུ་འཁུར་ཚུལ་འདི་འང་།།
མིག་ཆུ་སྙིལ་སའི་ཁ་བ་དཀྲུགས་སྟངས་ཨེ་རེད།།
ལྭ་བ་བོར་ནས་སྐར་མ་བལྡད་པ་དེ་འང་།།
རྫ་ལུང་གཟེར་མོ་ནང་གི་གཅེར་བུ་ཨེ་རེད།།
སྒོ་ཁྱིས་བྲོས་བྱོལ་མཐོ་པོའི་ན་བཟའ་བརྡར་བ།།
ཉིན་མཚན་མགོ་མཇུག་ལྡོག་པའི་ལས་འབྲས་ཨེ་རེད།།
འཇིག་རྟེན་དམར་པོའི་ཉིན་སྲིབ་གློ་སྙིང་གཏད་པ།།
ལག་པ་བྲང་ལ་སྨད་པའི་དུར་ཁྲོད་ཨེ་རེད།།
ཡ་འགལ་མ་འགལ་སོང་བའི་ངོ་གདོང་ནར་མོ།།
དམྱལ་བའི་སླ་ང་ཞོན་པའི་དངུལ་ལོ་ཨེ་རེད།།
སྨག་རིམ་ནག་པོས་ཟོས་པའི་ལོ་ཟླ་སྐྱ་བོ།།
ཟླ་བའི་འཛུམ་མདངས་དྲོད་པོ་ཁེར་རྐྱང་ཨེ་རེད།།
ཕ་ཡུལ་མེ་ཤི་ཐེབས་པའི་ཉི་མ་ནག་པོ།།
གངས་རིའི་སྙན་ངག་ཚར་བའི་ལོ་རྒྱུས་ཨེ་རེད།།
རྨི་ལམ་ཟབ་ས་ཞིག་ནས་ཐང་སྟོང་ཉུལ་བ།།
སེམས་ཀྱི་འཕྲོ་འདུ་ཁག་ཅིག་ཡོད་པས་ཨེ་རེད།།
ཕུང་བོ་སྐུད་པས་བསྡམས་པའི་བཟོ་གྲྭ་དེ་འང་།།
རུས་རྐང་མ་རྩ་བཙོང་བའི་ངལ་གསོ་ཨེ་རེད།།
ནང་གི་ལག་པ་རྩུབ་མོས་འཆི་སྐད་བྲིས་པ།།
ཡི་གེ་ཨ་དཀར་གསོན་པོ་སུབ་ཐབས་ཨེ་རེད།།
ནག་ཐིག་དམར་ཐིག་ནང་གི་བཟོ་ལྟ་འཁྱོར་པ།།
རྒྱབ་རོལ་འོད་ཀྱིས་ས་གཞི་ཁེབས་པས་ཨེ་རེད།།
སྔ་ཕྱི་ནང་ལ་བསྐོར་ནས་ཟོལ་ལ་འགྲུལ་པ།།
མུན་པ་ཞིང་དུ་སྒོམ་སྟེ་འཁྲབ་ཚུལ་ཨེ་རེད།
ངྷ་སའི་རི་ངོགས་ཟེར་བ་རླུང་རྟ་དར་བས།།
གྲིབ་མས་ནམ་ཚོད་མ་ཟིན་ངུས་པ་ཨེ་རེད།།
སྲོག་གཅོད་གཤེད་མ་འདར་བའི་ཟླ་ཚེས་བཟང་པོ།།
བདག་སེམས་ཟླ་བ་རྒྱས་པའི་དོན་རྟགས་རེད་དོ།།
༢༠༡༥.༦.༢༥ མཚན་གུང་དུ་བྲིས།
ངེད་དྲ་ཚིགས།