མགར་བཟའ།
གངས་རིའི་གནའ་སྒྲུང་གི་རུས་པ་འཚིག་ཤུལ་དུ།
མི་ཚོགས་ནི་ཆེས་སྙིང་ཉེ་བའི་ཤ་རུས་ཀྱི་དུངས་ཞེན་ཡིན་ནམ།
རྡོ་བས་བརྡར་ཤིང་མེ་ཡིས་ཡང་ཡང་སྦར་ནའང་།
ཚེ་སྲོག་གི་ལང་ཚོ་ཁོ་ན་བདེན་པར་གྲུབ་སོང་བ་འདྲ།

མཐོ་སྒང་གི་སྨིག་རྒྱུ་དེངས་བཞིན་པའི་དེ་རིང་།
གངས་རིའི་ལྷ་ཚོགས་དང་པོ་ཏ་ལའི་སྲ་འཐུས་ཁོ་ནས།
ཁྱེད་དང་ང་ཡི་བར་ཐག་སྦྲེལ་ཞིང་དབུགས་རྒྱུན་མཐུད་བྱུང་།
དེ་བས་རང་ཉིད་ལ་ནམ་ཡང་རང་ཉིད་ཀྱིས་ཚང་རྩིས་བྱོས་དང་།
མི་ཡུལ་འདིར་གསོན་ཆོག་ཆོག་གི་མངའ་ཐང་གཞན་ཞིག་ཡོད་ཆོག།

ཤར་ནས་ལྷོ། ལྷོ་ནས་ནུབ། ནུབ་ནས་བྱང་།
ཆེད་དུ་བརྐོས་པའི་སྒོ་ཆེན་གྱི་ཐེམ་སྐས་རེ་རེ་ཡིན་ནམ།
ད་དུང་འོད་ལམ་ལམ་གྱི་གླེགས་བམ་དང་ལྷ་ཚོགས་ཀྱི་ཞལ་གསུང་ཁོ་ནས།
སུ་ལ་ཡང་དབང་ཆོག་པའི་གསེར་མདོག་གི་མངའ་ཐང་བསྒྲེང་འོས།

མུན་པས་བཟོས་པའི་གཞུང་ལམ་ནག་པོ་འདིའི་སྟེང་འོག་ནས།
ང་ཚོ་འདི་ལྟར་འུ་ཐུག་གིས་གྱེས་དགོས་བྱུང་ཡང་།
འཚོ་སྡོད་ནི་ནམ་ཡང་ལྗང་མདོགས་ཁོ་ནས་བཙལ་ཐུབ་ན།
དྲོད་འཇམ་འཇམ་གྱི་ལག་ཟུང་གིས་རང་ཉིད་བསྐྲུན་ཆོག་པས།
ཉི་ཟླའི་སྤྱི་གཙུག་ནས་ང་ཚོ་ནམ་ཡང་རང་ཉིད་ཀྱི་རླུང་རྟ་ཡིན་འོས།

འུར་སྒྲ་འཇགས་མེད་པའི་དེ་རིང་།
མི་ཚོགས་བཞུར་བཞིན་པའི་དོ་ནུབ།
རྡོ་ལམ་ནག་པོ་འདིའི་ཤོང་ཚད་ཁོ་ན་ང་ཚོའི་དུར་ཁྲོད་ཡིན་མི་སྲིད།
གངས་རིའི་སྲ་མཁྲེགས་ཀྱི་རུས་རྐང་མཁྲེགས་པོ་ཁྱེད་ལ་མངའ་ན།
མཚོ་མོའི་ཁྲག་རྒྱུན་གྱི་རླབས་སྒྲ་མཐོན་པོ་ང་ལ་ཡང་ཡོད་པས།
ཡངས་པའི་ཐང་ཆེན་འདི་རང་ཉིད་ཀྱི་བློ་གཤོག་ལ་ཅིས་ཀྱང་བསྐྲུན་དགོས།

གང་ལྟར་ང་ཚོ་ལ་ཕྱི་རོལ་ཡོད། ནམ་མཁའ་ཡོད། ཉི་ཟླ་་ཡོད།
མེ་ལྕེས་བསྲེགས་པའི་ལང་ཚོའི་མཆོད་པ་ཡོད།
ས་ཆེན་ལྟར་འཛད་པ་མེད་པའི་རང་བྱུང་གི་སྐྱེས་ཁམས་ཡོད།
ད་དུང་དག་ཞིང་ཡོད། ལྷ་ཚོགས་ཡོད།  རེ་སྙེག་ཡོད། རྨི་ལམ་ཡོད།
མདོར་ན་ཡོད་ཚད་ཡོད་འོས།
༢༠༡༥ ༡ ༥ཉིན་བྲིས།

           ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading