རྭ་གསེར་སྨྱུག

གང་གི་མཁྱེན་རྟོགས་མཛད་པ་འོད་དཀར་ཉིད།།
ས་ཆེན་མཛེས་པའི་ཁྲོད་ན་ལྷུན་པོ་ལྟར།།
བསྲེགས་བཅད་གསེར་གྱི་རང་མདངས་འོད་པོ་ཆེས།།
བྱང་ཆུབ་མ་ཐོབ་བར་དུ་དུས་ཀུན་སྐྱོངས།།

སྟོན་པའི་ནང་ན་སྟོན་པ་ཁྱད་ཞུགས་པ།
སྟོང་དང་རྟེན་འབྱུང་ལྷན་ཅིག་འགལ་མེད་དུ།།
གང་གི་ལེགས་གསུངས་སྒྲ་དབྱངས་ཆ་ཤེས་ཙམ།།
ཞི་བའི་ཐབས་ལམ་མིན་པ་ཡོད་མ་ཡིན།།

སྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས།།
སྐྱེ་རྒུའི་ཚ་གདུང་སེལ་པའི་ཐབས་གཅིག་པུ།།
ལེགས་བཤད་ཆོས་ཀྱི་འོད་ཟེར་རླབས་པོ་ཆེ།།
གླིང་བཞིའི་ཁྱོན་ལ་ཤར་བའི་འཛམ་གླིང་ཏོག།

བདེ་འདོད་སྡུག་མི་འདོད་པའི་རིགས་དྲུག་ལ།།
མ་ཡིས་བུ་ལ་བརྩེ་བས་བྱམས་པ་ལྟར།།
གཉེན་གྱིས་གྲངས་མེད་བསྐྱངས་པའི་གཙུག་གི་ནོར།།
སྟོན་མཆོག་ཤཱཀྱའི་རྒྱལ་པོ་ཁྱེད་མིན་སུ།།

སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ།།
བག་ལ་ཉལ་དང་དབང་པོ་རབ་འབྲིང་གསུམ།།
ཇི་བཞིན་མཁྱེན་པའི་ཤེས་རབ་ཟླ་མེད་པ།།
འདྲེན་པ་གང་དེའི་ཞབས་རྡུལ་སྤྱི་བོའི་མཆོད།།

བདག་སོགས་སྐྱེ་འགྲོའི་གཏན་བདེའི་ཐར་ལམ་ནི།།
མགོན་པོ་ཁྱེད་ཀྱིས་ལེགས་མཛད་གསུངས་དེ་ན།།
ཇི་བཞིན་འབྱེད་པའི་དཔྱད་གསུམ་ཚད་མ་ནི།།
ཤེས་རབ་མིག་གི་མཐོང་བའི་སྒོ་ཆེན་བསྟན།།

དེང་འདིར་ཤེས་བྱའི་འགྲན་རྩོད་ཚ་རླབས་འོག།
སྟོན་པ་ཉིད་ཀྱི་ལེགས་གསུང་གང་དེ་ནི།།
བདེན་དང་རྫུན་གྱི་དབྱེ་འབྱེད་བརྟགས་བརྟགས་ཡང་།
བདེན་པའི་རང་ཞལ་ཇེ་གསལ་ཡ་མཚན་ནོ།།

གང་གི་ལེགས་བཤད་ཆ་ཤས་ཕྲ་མོ་ཡང་།།
དངོས་པོའི་རང་བཞིན་ངོ་བོ་ཇི་བཞིན་དུ།།
གཞན་ལ་མ་འདྲེས་མཐའ་བྲལ་དེ་ཉིད་དུ།།
གནས་ལུགས་ཇི་བཞིན་འབྱེད་རྣམས་ངོ་མཚར་ཡུལ།།

གང་གི་རྗེས་འབྲང་ཐུགས་སྲས་སྐར་ཚོགས་ཀྱང་།།
རྟེན་འབྲེལ་ཟབ་མོའི་ཆོས་ལ་ངེས་རྙེད་ནས།།
འདོད་ཡོན་དངོས་པོའི་ཆོས་རྣམས་རབ་སྤངས་ཏེ།།
གཏན་གྱི་ཞི་བདེའི་སྨན་མཆོག་ཡང་ཡང་སྦྱིན།།

འདྲེན་པ་མཆོག་གིས་ལས་དང་སྲོག་བཏང་ནས།།
ཕྱི་རབས་གདུལ་བྱ་གྲངས་མེད་མགོན་མེད་རྣམས།།
སྐྱབས་ཕྱིར་ཐབས་ཤེས་མཛད་པའི་སྐུར་སྤྲུལ་བ།།
ཆོས་ཀྱི་བཤེས་གཉེན་ཡི་གེའི་གཟུགས་མཆོས་པ།

ཤེར་ཕྱིན་ཟབ་མོའི་གཞུང་ནས་ཡང་ཡང་བསྟན།།
སྦས་དོན་སྟོང་ཉིད་རིགས་ཀྱི་རྣམ་གྲངས་སོགས།།
མཐའ་ཡས་སེམས་ཅན་ཀུན་ལ་དུ་མར་དབྱེ།།
སྤྲུལ་བའི་འཇིག་རྟེན་མིག་འབྱེད་གཏན་གྱི་སྐྱབས།།

སྟོན་པ་ཤཱཀྱ་ཐུབ་པ་མཆོག  སྐུ་བལྟམས་པ་དང་། སངས་རྒྱས་པ།  མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམས་ཉིན།༢༠༡༥/༦/༢ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d