ཞོགས་པ།

དྭངས་གསལ་ཆུ་ལ་དགུན་ཟླས་ལྭ་བ་བཟོས།།
རྣམ་དག་སེམས་ལ་དྲན་པས་སྐྱོ་བ་བྱིན།།
སྐད་ཅིག་མི་རྟག་གློག་གི་གཤིས་ཅན་ཀྱི།།
མཚུངས་གྲུབ་དངོས་པོའི་ལུགས་ལ་སུ་ཞིག་དུངས།།

དེ་རིང་ཁ་བ་བདག་གི་སེམས་ལ་བབས།།
སེམས་ཀྱི་ཡ་ཁོག་འཁྱག་ཅིང་བརླན་པར་བྱས།།
དེ་ནི་གངས་དཀར་མེ་ལོང་རྒས་ཚུལ་ཞིག།
འདི་ཡང་ཐོགས་རེག་བྲལ་བའི་དབྱིངས་སུ་སྦས།།

ཚོར་བའི་རྒྱ་མཚོ་གནམ་གྱི་ཁེམ་བུས་དཀྲུགས།།
ཡིད་ཀྱི་ཆུ་བོ་རྨ་འབྲིའི་འཕྲིན་པར་བརྒྱུས།།
འཕྲིན་པ་དེ་ཉིད་འཁྱེར་བའི་རླུང་གི་བུ།།
བྱང་ན་ཡོད་དོ་བདག་གི་སེམས་ཀྱི་མི།།

རེ་བའི་གནམ་མཐའ་རྣམ་ཤེས་སྐུད་པས་བརྒལ།།
རྒས་པའི་དུས་མཐའ་སྐྱེ་འཆིའི་བང་གིས་གཞལ།།
སྲིད་པའི་འཁོར་ལོ་སྐོར་བའི་སེམས་ཅན་པ།།
དུང་བའི་འདོགས་ཐག་ཅན་གྱི་བྱིས་པ་ཞིག།

སེམས་ཀྱི་བུ་ཆུང་རྒྱལ་ཁམས་གྲངས་མེད་འགྲིམ།།
རེ་བའི་བདེ་སྣང་རི་མོ་སོར་གྱིས་བྲིས།།
དགའ་དུང་གཏམ་གྱི་གཤོག་པ་རྐྱོང་བའི་ཚེ།།
ཡིད་ཀྱི་གསང་བ་དམར་པོ་ཁྱོད་ཀྱིས་འཕྲོག།

རྩོལ་ལས་མ་བྱུང་ཤུགས་ཀྱིས་འབྱུང་བ་ཡི།།
ཚོར་བའི་སྐུད་པ་རེ་རེའི་སྣེ་མོ་ན།།
དུངས་བརྗོད་ཚིག་གི་ཕྲེང་བ་རེ་རེ་མངོན།།
འདི་ཡང་ཁྱེད་ལ་གྱེར་བའི་དབྱངས་རྟ་ཞིག།

བཟོད་སྒོམ་སྟབས་ཀྱིས་བཞུགས་ཀྱང་ཆོད་དཀའ་བའི།།
དུས་ཀྱི་རླུང་ནག་འཚུབ་པ་ཨ་རེ་རྒོད།།
རྣམ་རྟོག་གཡེང་བ་འདི་དང་དེ་ཚོགས་པས།།
རེ་བའི་མེ་ཏོག་ལས་འཕྲོ་གཅོད་དམ་ཅི།།

གཞོན་ཤའི་ལང་ཚོ་ཕར་དུ་ཕྱིན་ཙམ་གྱི།།
གསར་བུའི་སྣང་བ་མཐོན་པོའི་རླབས་ནང་ན།།
སྙན་ངག་ལྷ་མོ་འགུག་པའི་ཚིག་གི་གཤིས།།
དུངས་བརྗོད་སྔགས་ཀྱི་ས་ལམ་བགྲོད་པར་བྲེལ།།

ཤར་ནུབ་རྒྱ་མཚོ་སྐྱོམ་པའི་མིག་གི་ཆུ།།
འདི་ནས་རིགས་ཀྱི་བདེན་པའི་ལམ་ལ་བཞུར།།
འཇིག་རྟེན་ཁམས་བརྒྱ་སྒུལ་བའི་རྡོག་པའི་སྒྲར།།
མཐུན་པའི་ལག་ཟུང་སྟོང་གིས་སྐྱོར་མ་བྱས།།

ཉི་ཟེར་འོད་ཀྱིས་ཕྱོགས་སུ་སྣང་བ་སྟེར།།
སྒྱུ་མའི་མདངས་ཀྱིས་མིག་ལ་འཁྲུལ་བ་སྐྱེད།།
རྫུ་བག་ཅན་གྱིས་བྲིད་བཟོ་གང་གི་གཟུགས།།
རྣམ་རྟོག་ཞིག་ཙམ་གྱིས་དང་དགོད་རེ་བྲོ།།

ཡིད་ཀྱི་སོམ་ཉི་ཕྲ་མོ་འདྲེན་བྱེད་པའི།།
ལས་ཀྱི་རྐང་རྗེས་སེམས་ཀྱི་སྣེ་ལེན་མ།།
མ་བསུས་བློ་ཐག་སྒོ་མོའི་ལྐོག་གི་ཟྭ།།
ཚེ་ཡི་ལས་སྐལ་ལྡེ་མིག་བོར་ཏེ་བྱུང་།།

ཉག་གའི་ཟླ་བ་བྲོས་པའི་མཁའ་དབྱིངས་ན།།
འོད་ཀྱིས་བསླུས་པའི་མིག་ཆུ་རྡོ་ལ་བབས།།
སུ་དང་གང་གིས་བརྩེ་དུང་མ་འདྲེས་པའི།།
སེམས་རྐྱང་ཞིག་གི་ཡན་རྟོག་ལྗོན་པར་སྐྱེས།།

སྐབས་ཀྱི་དུས་ལ་བཟོ་ལྟའི་གནག་མདོག་དེ།།
སྒུལ་བ་མ་ཡིན་ས་ཡིས་མ་ནོན་པས།།
གླིང་ཆེན་བརྒྱ་ཡི་འབྲེལ་ལམ་གྱ་མ་གྱུ།།
རི་ཆེན་སྨུག་པ་ཅན་དེའི་འདབས་སུ་བསྐྱུར།།

སེམས་ཀྱི་གླིང་ཕྲན་ཆུང་ལ་དྭངས་ཤིང་གཙང་།།
དེ་ནི་ང་ལ་མཁོ་བའི་རེ་ཁ་སྟེ།།
ཁྱོད་ཀྱི་ཐོད་པར་བྲིས་པའི་ཁ་བྱང་དང་།།
སུ་ལ་མ་བཤད་ལུས་པའི་གཏམ་རྒྱུད་ཡིན།།

དབྱར་ཁའི་དངོས་བྱུང་ལོ་ཟླའི་གཏམ་རྒྱུད་དུ།།
བྲིས་ཀྱང་སེམས་ཀྱི་རྟོག་འགྱུ་རྒོད་མ་བྲེལ།།
བྲང་ཁོག་རྒྱུ་མའི་ཡན་ལས་བྲོས་བྱས་ཏེ།།
གློ་བུར་བྱམས་པའི་བརྩེ་བའི་སྲོག་ཏུ་ཞུགས།།

རྩེད་དགའི་མུ་ཏིག་བོར་བའི་དུས་ཤིག་ལ།།
ང་ཡིས་སྲིད་པའི་སྒང་ལ་གཞས་ཤིག་བཏང་།།
ཁྲོམ་གྱི་མི་ཚོགས་བགད་པའིི་སྒྲ་དབྱངས་དེས།།
འཇིག་རྟེན་རྒྱུ་འབྲས་ནོར་བའི་འཕྲིན་ཞིག་འབྱོར།།

ངག་གི་ལྕུག་ཕྲན་འདར་བས་སྒྲ་ཞིག་བྱུང་།།
སེམས་ཀྱི་སྨྱུག་མའི་གླིང་ཕྲན་དེ་ཡིས་བསླུས།།
རྟོག་པའི་ཡལ་འདབ་གཡོ་བའི་རྒྱུད་མངས་རྟ།།
གྲོགས་སུ་ཁྲིད་པའི་རྒྱུད་སྐུད་འཆད་དམ་ཅི།།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading