དགྱ་མའི་དབུ་ཁྲིད་ཚོར་སྩལ་བའི་དགོངས་འཆར།

ཌ་མོན བེན་ཊིར་གྱིས་བརྩམས།   འབྲོག་མྱིས་བསྒྱུར།

           ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དགུང་ལོ་བརྒྱད་ ཅུར་སོན་པའི་གཤིས་རྒྱུད་དུ་ད་དུང་ཡང་བྱིས་སྤྱོད་འཚུབ་པོ་ཅན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཁོ་ན་དེ་ཡིན་སྲིད། ཁོང་གིས་རྒྱ་ནག་དམར་ཤོག་དབུ་ཁྲིད་ཚོར་དགོངས་འཆར་ཞིག་བསྩལ་གནང་པ་ནི། ཁྱེད་རང་ཚོས་ཡང་སྲིད་ཕེབས་པའི་ལམ་ལུགས་དེ་ཅིའི་ཕྱིར་བཀོལ་སྤྱོད་མི་བྱེད་དམ། ༧གོང་ས་ཏཱ་ལའི་བླ་མ་དགུང་ལོ་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཨ་མེ་རི་ཀའི་མཛད་སྒོ་སྣ་ཚོགས་རྫོགས་ལ་ཉེ་བའི་དུས་སུ། གང་ཉིད་བཞུགས་སའི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་མན་ཧཱ་ཊིན་གྱི་གསོལ་མགྲོན་ཁང་ཞིག་ཏུ་བདག་ལ་བཅར་འདྲིའི་སྐལ་བ་བཟང་པོ་ཐོབ། ང་ཚོས་ཁོང་མ་བཞུགས་པའི་སྐབས་དུས་སུ་ཅི་ཞིག་བྱུང་སྲིད་པའི་སྐོར་ལ་བགྲོ་གླེང་བྱས་པ་ཡིན། ཁོང་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་བཅུ་བཞི་བ་དེ་རེད། སྐུ་ཕྲེང་རེ་རེ་སྐུ་ཐོག་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་འདུག ཏཱ་ལའི་བླ་མ་དགོངས་པ་ཆོས་དབྱིངས་སུ་བསྡུས་རྗེས། ཁོང་གི་རྗེས་འཇུག་པ་ཚོས་ནམ་རྒྱུན་བྱིས་པ་ཞིག་བཙལ་ནས། དེ་ཏཱ་ལའི་བླ་མའི་སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱེད་སྲོལ་ཡོད། ཡིན་ན་ཡང་། ༧གོང་ས་ཏཱ་ལའི་བླ་མས་དེ་སྔ་ཐེངས་གཅིག་མིན་པར། གང་ཉིད་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་མཐའ་མ་དེ་ཡིན་སྲིད་པ་དང་། ཡང་ན། ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་གཅིག་བགྱིས་ན་བོད་ཁུལ་དུ་འཁྲུངས་མི་སྲིད་པ། ད་དུང་བུད་མེད་ཅིག་ཀྱང་ཡིན་སྲིད་པའི་བཀའ་ཕེབས་མྱོང་ཡོད།
གསུང་སྟངས་དེས་པེ་ཅིང་དེང་གཞུང་ཁོང་ཁྲོ་བསླངས་འདུག པེ་ཅིང་དེང་གཞུང་གིས་རང་ལུགས་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་འཚོལ་གྲུབ་དང་ངོས་འཛིན༼བོད་ཁུལ་བཏང་འཛིན་གྱི་ལག་ཆ་བྱེད་པ༽བྱ་རྒྱུ་ཡིན་པའི་ཆོད་སེམས་བསྟན་ཡོད། དེའི་སྟབས་ཀྱིས། ལྷ་མེད་སྨྲ་བའི་ལྟ་གྲུབ་འཛིན་མཁན་རྒྱ་ནག་གུང་ཁྲན་གཞུང་གིས་ནང་པའི་ཡང་སྲིད་ལམ་ལུགས་མུ་མཐུད་ནས་འགྲོ་དགོས་པ་ནན་གྱིས་བརྗོད་ནས་བཀའ་ཕབ་ཡོད་པས། མི་རྣམས་ཧ་ལས་ཧངས་འཐོར་སོང་།
“གུང་ཁྲན་དམར་ཤོག་ཚོགས་པས་ཏཱ་ལའི་བླ་མ་ལས་ཀྱང་ཁོང་ཚོས་ཡང་སྲིད་ལམ་ལུགས་ལ་ངེས་ཤེས་ཡོད་ལུགས་བཤད་ཡོད”། ཅེས ༧གོང་ས་མཆོག་གིས་གད་མོ་བཞད་ཞོར་དུ་གསུངས་དོན། “གུང་ཁྲན་དམར་ཤོག་ཚོགས་པས་ཡང་སྲིད་ཕེབས་པའི་ལམ་ལུགས་ཀྱི་བསམ་བློའི་འདུ་ཤེས་དེ་ངོས་ལེན་བྱེད་དགོས། དེ་ནས། ཁོང་ཚོས་མའོ་ཙེ་ཏུང་དང་ཏེང་ཞོ་ཕེང་གི་ཡང་སྲིད་ངོས་འཛིན་བྱས་རྗེས། ད་གཟོད་ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་ལ་ཐེ་གཏོགས་བྱ་རྒྱུའི་དབང་ཆ་དང་ཐོབ་ ཐང་ཡོད”།
༧གོང་ས་ཏཱ་ལའི་བླ་མས་ཞལ་དངོས་སུ་གསུང་མེད་ཀྱང་། གཏམ་ཟུར་དུ་ཏཱ་ལའི་བླ་མའི་ལམ་ལུགས་དེ་མུ་མཐུད་ནས་འགྲོ་དགོས་མིན་ཐད་བཙན་བྱོལ་བོད་མའི་སྤྱི་ཚོགས་སུ་རྣམ་པ་གང་ཞིག་གི་སྤྱི་མོས་འོས་འདེམས་སྤེལ་རྒྱུ་ དང་། དེ་མིན་གཞིས་བཞུགས་བོད་མའི་བསམ་འཆར་འཚོལ་བསྡུ་བྱ་རྒྱུ་ཡིན་པ་ཐོན་སོང་། ཁོང་གི་དགོངས་ཚུལ་ལ་གཞིགས་ན། གནད་དོན་དེ་གང་ཉིད་དགུང་ལོ ༩༠ར་ཕེབས་དུས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
ཡང་སྲིད་ལམ་ལུགས་མཇུག་རྫོགས་དགོས་པའི་རྒྱུ་མཚན་ཞིག་ནི། མ་འོངས་པའི་ཏཱ་ལའི་བླ་མ་དེ། གལ་ཏེ་ཚུལ་དང་ལྡན་པ་ཞིག་མིན་ཚེ། གོ་ས་འདི་ལ་གནོད་སྲིད་པར་དགོངས་འདུག ཁོང་གི་ཐུགས་ཁུར་གནང་ཡུལ་གནད་དོན་ཆེ་ཤོས་དེ་ནི། རང་ཉིད་དགོངས་པ་རྫོགས་རྗེས། རྒྱ་ནག་དེང་གཞུང་གིས་རང་གི་འདོད་པ་ལྟར་ཏཱ་ལའི་བླ་མ་གསར་བ་ཞིག་གདམ་ངེས་ཡིན་ལ། མི་དེ་གཅིག་བགྱིས་ན་ཨ་ལད་པད་ཀོ་ལྟ་བུའི་གཞན་དབང་ཅན་ཞིག་ཏུ་གྱུར་ནས། རྒྱ་མི་ལ་ལག་རོགས་བྱས་ཏེ་བོད་ཁུལ་བཏང་འཛིན་བྱས་ནས། དེ་ཚོའི་བོད་ཁུལ་གྱི་སྲིད་ཇུས་རིགས་ཁྲིམས་ལུགས་དང་མཐུན་པར་བསྒྱུར་སྲིད་པ་དེ་རེད།
“བློ་ཕམ་པ་ཞིག་ལ། དེ་འདྲའི་དཔེ་ཡོད་ཡོད་པ་རེད”ཅེས་བློ་ཕམ་པའི་ངང་གསུངས། ཁོང་གི་སྟོན་ཡུལ་དེ་པན་ཆེན་བླ་མ་རེད། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ནི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་ཨང་གཉིས་པ་དེ་རེད། ཕྱི་ལོ ༡༩༨༩ ལོར ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། རྒྱ་ནག་དེང་གཞུང་གིས ༧གོང་ས་མཆོག་གིས་ངོས་འཛིན་བྱས་པའི ༧ཀུན་གཟིགས་པན་ཆེན་སྐུ་ཕེང་བཅུ་བ་ཆེན་མོའི་འཁྲུལ་མེད་ཡང་སྲིད་དེ་བཙན་གྱིས་འཕྲོག་ནས་ཁྱེར་པས་དུས་དེ་རིང་ད་དུང་ཡང་གར་སོང་ཆ་མེད་ཡིན། དེ་དང་མཉམ་དུ་བྱིས་པ་གཞན་ཞིག་ལ་པན་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་པ་རེད།
ང་རང་ཉིད ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྩི་འཇོག་དང་ཡིད་སྨོན་ཡོད། ཕྱི་ལོ ༢༠༠༧ལོར། བདག་གི་ཆེད་སྒྲིག་ལེ་ཚན་བརྒྱུད་ནས་ཁོང་གིས་པེ་ཅིང་ལ་ཧ་ཅང་གལ་འགངས་ཆེ་བའི་ སྐྱུ་རུ་ཤིང་གི་ཡལ་ག༼མཛའ་བརྩེའི་རྣམ་འགྱུར༽བསྲིང་བ་རེད། དེ་ཡི་འབྲས་བུ་རུ། བོད་མི་ཚོས་ཞི་འཇམ་མང་དྲགས་པའི་སྐྱོན་བརྗོད་བྱས། རྒྱ་ནག་ཕྱོགས་ནས་ལྷག་བསམ་མིན་ལུགས་སྐྱོན་བརྗོད་བྱས་ནས་དགོངས་འཆར་དེ་ངོས་ལེན་བྱས་མེད། བདག་གིས་ཁོང་ལ་ཞུ་རྒྱུ་བྱུང་། ངས་ལྟ་ཚུལ་དུའང་མཚམས་ལ་ལར་ཁྱེད་ཉིད་ཀྱིས་སེམས་ཆུང་བྱེད་རྒྱུ་མང་དྲགས་པའི་ཚོར་བ་བྱུང་། པེ་ཅིང་དང་ཞི་བའི་གྲོས་མོལ་བྱེད་རྒྱུའི་གོ་སྐབས་ཐེངས་འགའ་ལ་བརླགས་སོང་། དཔེར་ན། ལོ་རབས ༨༠ འི་ནང་དུ། རྒྱ་ནག་གི་དབུ་ཁྲིད་ཧུའུ་ཡོ་པང་དང་ཀྲོ་ཙི་ཡང་གཉིས་ཀྱིས་བོད་དོན་ཐད་འོས་མིན་བསྟུན་ཐབས་འཚོལ་དུས། ༧པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་དགོངས་པ་རྫོགས་དུས། དེ་མིན་ད་དུང་པེ་ཅིང་ཨོ་ལེམ་ཕེ་ཁི་ལས་རྩལ་འགྲན་ཚོགས་ཀྱི་སྔ་རོལ་ལ་སོགས།
༧གོང་ས་ཏཱ་ལའི་བླ་མས་གོང་ཞུས་དེ་དག་གཅིག་ ཀྱང་ངོས་ལེན་མི་བྱེད——ཁོང་གིས་གོ་སྐབས་དེ་དག་ནོར་ཤོར་བྱུང་བར་ངོས་ལེན་མི་ བྱེད། འོན་ཀྱང་། ཀྲོ་ཙི་ཡང་གིས་དུས་དང་རྣམ་པ་ཀུན་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་པ་བཅངས་ ཡོད་པར་ཡིད་ཆེས་བྱས་ཡོད་པའི་མ་ཚད། གལ་ཏེ ༡༩༨༩ལོར་ཀྲོ་ཙི་ཡང་གོ་ས་ནས་གནས་དབྱུང་བཏང་མེད་ཚེ། “བོད་ཁུལ་གྱི་གནད་དོན་སྔ་ས་ནས་ཐག་གིས་ཆད་ཡོད་པས། དེ་ལ་དོགས་པ་ཟ་མི་དགོས” པར་དགོངས་འདུག
ཡ་མཚན་པོ་ཞིག་ལ། ༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གི་ལས་ཐོག་སྲིད་འཛིན་ཞི་ཅིན་ཕེང་ལ་སྤྲོད་སེམས་ཀྱིས་ཁེངས་འདུག ཁོང་གིས་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ལས་འགུལ་ལ་བསྟོད་བསྔགས་གནང་བ་དང་། ཞི་ཅིན་ཕེང་གི་ཨ་མ་ལགས་ནི“མི་ཕྱེད་དད་པས་ཕྱུག་པའི་ནང་པ་ཞིག་ཡིན”པ་མ་ཟད། ཞི་ཅིན་ཕེང་གིས་ཀྱང་ནང་པ་སངས་རྒྱས་ཆོས་ལུགས་ལ་གདེང་འཇོག་བྱས་ལུགས་གསུངས་ སོང་།
དེར་བརྟེན། ཞི་ཅིན་ཕེང་ཀྲུའུ་ཞི་ལགས། གལ་ཏེ་ཁྱེད་ཀྱིས་རྩོམ་ཡིག་འདི་ཀློག་ཡོད་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་ཏུ་གཟིགས་སྐོར་ཆེད་ཕེབས་རྒྱུའི་དགོངས་པ་བཞེས་ཡོད་པས། མགྲོན་ཤོག་ཅིག་བཏང་ན་ག་འདྲ་འདུག དེའི་དོན་དགོངས་འཇགས་བཞེས་རོགས།
བདག་གིས་དེ་སྔོན་ང་རང་ཉིད་ཀྱི་ཊི་ཝེ་ ཊེ(Twitter)དང་ངོ་དེབ(FaceBooK)སྟེང ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཅར་འདྲི་སྐབས་དྲི་བ་ཅི་ཞིག་བཀའ་འདྲི་ཞུས་ན་བཟང་བ་དྲྭ་གྲོགས་ཚོའི་བསམ་ཚུལ་བསྡུ་རུབ་བྱས་པ་ཡིན། གཤམ་དུ་ཁོང་གིས་དྲི་བ་ཁ་ཤས་ལ་གནང་བའི་བཀའ་ལན་ཁག་ལ་གཟིགས་རོགས།
•    འབར་མའི་ནང་པ་བས་ཁ་ཆེ་བ་བསད་པ་དང་བཙན་གཡབ་བྱས་པའི་གདན་དོན་ཐད། དེ་སྔོན་ནང་བཞིན་ཏཱ་ལའི་བླ་མས་དྲག་པོའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་དང་སུན་འབྱིན་དྲག་པོ་བྱས་པ་དང་ཆབས་ཅིག “གལ་ཏེ་སྟོན་པ་སྐབས་དེ་དུས་ཕེབས་པ་ཡིན་ན། ཁོང་གིས་ཁ་ཆེ་བ་དེ་ཚོ་སྐྱོབ་ངེས་ཡིན”། ཅེས་གསུངས་སོང་།
•    དམར་ཟས་ཐད། ཏཱ་ལའི་བླ་མས། སྔོན་ཆེད་ཁོང་གིས་ཟླ་བ ༢༠འི་རིང་དཀར་ཟས་ལ་བསྟེན་པ་ཡིན་མོད། མཁྲིས་ནད་བྱུང་། དེ་བས་ཨེམ་རྗེས་གསོལ་ཀྲུམ་མུ་མཐུད་ནས་བཞེས་དགོས་པའི་དགོས་དབང་ལབ་སོང་། ད་ལྟ་གཟའ་འཁོར་གཅིག་གི་ནང་ཐེངས་གཉིས་ལ་གསོལ་ཀྲུམ་མཆོད་གནང་གི་ཡོད། གཞན་རྣམས་སུ་དཀར་ཟས་ཡིན། ཡིན་ན་ཡང་། དཀར་ཟས་རིང་ལུགས་དངོས་གནས་ཡག་པོ་རེད། ཟེས་བཀའ་བསྩལ་བྱུང་།
•    ཡེ་ཤུའི་བླ་ཆེན་ཧྥ་རན་སེ་སིའི་ཐད། “ཁོང་གི་ལངས་ཕྱོགས་ལ་རྗེས་སུ་ཡི་ཡངས་ཡོད། ”ཅེས་པ་དང་སྦྲགས། “ཁོང་གིས་འཇར་མི་ནེའི་ཆོས་དཔོན་ཞིག ༼འཚོ་བའི་རྣམ་པ་བག་མེས་ཆུད་ཟོས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས༽ གི་གོ་ཐོབ་རྩིས་མེད་དུ་བཏང་འདུག ང་ལ་སེམས་འགུལ་ཆེན་པོ་ཐེབས། ངོས་ཀྱིས་ཁོང་ལ་ཕྱག་འཕྲིན་ཞིག་ཕུལ་ནས་བརྩི་འཇོག་དང་ཡིད་སྨོན། རྗེས་སུ་ཡི་རངས་ཡོད་པ་བསྟན་ཡིན”། ཞེས་བཀའ་ཕེབས།
•    ཕོ་མོའི་ཐད། ཁོང་གིས། ངོས་རང་ནི་བུད་མེད་ཀྱི་ཐོབ་དབང་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱས་ཡོད། བུད་མེད་དབུ་ཁྲིད་མང་པོ་ཞིག་མཐོང་ཐོབ་རྒྱུའི་རེ་བ་ཡོད། རྒྱུ་མཚན་ནི། བུད་མེད་ཚོ་ལྷན་སྐྱེས་ཀྱིས་ཚོར་བ་རྣོན་པོ་དང་། ཞི་བདེ་ལ་དགའ་བའི་རིགས་ཤིག་ཡིན། “ངོས་ཀྱིས་བུད་མེད་ཚོས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ལངས་ཕྱོགས་བརྟན་པོ་བཟུང་ཡོད། གལ་ཏེ་རྒྱལ་ཁབ་མང་ཆེ་བའི་དབུ་ཁྲིད་བུད་མེད་ཡིན་ཚེ། ང་ཚོ་གཅིག་བགྱིས་ན་ལྷག་པར་དུ་བདེ་འཇགས་ཡིན་ཡང་སྲིད”། ཅེས་བཀའ་ཕེབས་འདུག

མཆན། རྩོམ་ཡིག་འདི་འབྲི་མཁན་སྐུ་ཞབས་ཌ་མོན བེན་ཊིར(Damon Winter)ལགས་ནི། སྐད་གྲགས་ཆེ་བའི༼ ནིའུ་ཡོག་དུས་བབ༽ཀྱི་དཔྱད་བརྗོད་པ་རེད། ཁོང་གི་རྒྱ་ཡིག་གི་མིང་ལ 纪思道 ཟེར་ཞིང་། བོད་དོན་སྐོར་རྩོམ་ཡིག་མང་པོ་བྲིས་ཡོད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s