འབྲོག་མྱི།
རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་ཁྲིམས་རྩོད་པར་དྲག་གནོན་བྱེད་དོན་ནི་རྒྱ་ཆེའི་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་གི་འདུ་ ཤེས་ཉིན་རེ་ཞག་རེར་རྟོགས་པ་ལས་སད་ཀྱིན་པས་ཡིན་ཞེས༼བོལ་སྲང་ལམ་ཉིན་རེའི་ཚགས་ ཤོག༽གིས་ཆེད་བརྗོད་རྩོམ་ཡིག་སྤེལ་འདུག
རྒྱ་ནག་གི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་དོ་སྣང་ཚོགས་ཆུང་གི་སྙན་ཐོ་ལྟར་ན། ཕྱི་ཟླ ༧ ཚེས ༩འི་ཞོགས་པ་ཆུ་ཚོད་བཞི་བ་ཡས་མས་སུ་པེ་ཅིང་ཧྥིན་རས་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ལྕམ་ཝང་ཡིའུ་འཛིན་བཟུང་བྱས་པ་ནས། ཕྱི་ཟླ ༧ ཚེས ༡༧ བར། ཁྲིམས་རྩོད་པ་དང་། ལས་དོན་ཁང་གི་ལས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་མི ༢༢༢ འཛིན་བཟུང་དང་། བཀག་ཉར། གར་སོང་མི་ཤེས་པ། འབྲེལ་བ་ཆད་པ། ཐུག་ནས་སྐད་ཆ་བཤད་པ། བཀའ་འགུག དུས་ཡུན་ཐུང་ངུར་འགྲོ་འདུག་བཀག་པ་སོགས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་ཁྲིམས་རྩོད་པ་དང་ལས་འགུལ་བ་སོགས་ལ་དྲག་ གནོན་བྱས་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད་པ་དང་། ཨ་རིའི་སྐད་གྲགས་ཆེ་བའི་སྨྱན་བྱད་ཀྱི་གྲས ༼བོལ་སྲང་ལམ་ཉིན་རེའི་ཚགས་ཤོག༽གིས་ཆེད་བརྗོད་རྩོམ་ཡིག་སྤེལ་ནས་བརྗོད་དོན། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཐེ་བའི་ཐོབ་ཐང་སྲུང་སྐྱོབ་པར་དྲག་གནོན་བྱེད་དོན་ནི། རྒྱ་ནག་གི་མི་སེར་དཀྱུས་མའི་ཁྲོད་ཐོབ་ཐང་སྲུང་སྐྱོབ་ཡང་ན་ཐོབ་ཐང་གི་འདུ་ཤེས་ཉིན་རེ་ཞག་རེར་རྟོགས་པ་ལས་སད་ཀྱིན་པས་ཡིན་ཞེས་བརྗོད་འདུག
དེ་བཞིན༼བོལ་སྲང་ལམ་ཉིན་རེའི་ཚགས་ཤོག༽ གི་ཆེད་བརྗོད་རྩོམ་ཡིག་དེའི་ནང་། རྒྱ་ནག་གི་མི་སེར་དཀྱུས་མ་མང་པོས་རྒྱ་ནག་གི་ཁྲིམས་ལུགས་ཀྱིས་ཁོང་ཚོ་ལ་སྲུང་སྐྱོབ་ཧ་ཅང་ཆུང་ཆུང་ཞིག་ལས་བྱས་མེད་པ་ཤེས་ཡོད་མོད། རྒྱ་ནག་གི་མི་སེར་ཚོས་ཁོང་ཚོའི་མི་སེར་གྱི་ཐོབ་ཐང་དང་རྒྱུ་ནོར་གྱི་ཐོབ་ཐང་ལ་གནོན་འཚེ་ཐེབས་ཚེ། ད་དུང་ཡང་ཁྲིམས་གཏུག་བྱེད་འདོད་ཡོད། མཇུག་འབྲས་ནི་གཅིག་བགྱིས་ན་ཁྲོག་སེ་བཙོན་ཁང་དུ་འཇུག་སྲིད་ལ། ཡང་ན་དེ་ལས་ཀྱང་སྡུག་པའི་མཇུག་འབྲས་རག་སྲིད་པ་ཁོང་ཚོས་སྔོན་དཔག་བྱེད་ཐུབ་ཀྱིན་ཡོད། དེ་ལྟར་ཡིན་མོད་ཀྱང་། ཁོང་ཚོས་དུས་རྒྱུན་དུ་དྲྭ་རྒྱ་སོགས་ཡོང་སྲིད་པའི་ལམ་ནས་ཁོང་ཚོའི་འབོད་སྒྲ་ ཕྱི་ཕྱོགས་སུ་བཏོན་ཐབས་བྱས་དང་བྱེད་ཀྱིན་ཡོད། ཅེས་དང་།
ཡང་ཆེད་བརྗོད་ནང་། སྙིང་སྟོབས་ཅན་གྱི་མི་སེར་གྱི་ཆེད་དུ་སྙིང་སྟོབས་ཅན་གྱི་ཁྲིམས་རྩོད་པ་དེ་དག་གི་བྱ་བ་དང་སྤྱོད་པ་ཏག་ཏག་ཁྲིམས་ལུགས་ཀྱི་ཡན་ན་ཡོད་པའི་གུང་ཁྲན་ཚོགས་པའི་ཁ་གཏད་དང་འགྲན་ཡར་གྱུར་བ་རེད། དེ་ནི་ད་གཟོད་གུང་ཁྲན་ཚོགས་པའམ་རྒྱ་ནག་གཞུང་གི་མི་སྣ་ཚོས་ཁྲིམས་འགལ་གྱི་གཡོ་ཐབས་བཀོལ་བའི་རྒྱུ་རྐྱེན་ཡིན། ཞེས་དང་།
ཡང་ཆེད་བརྗོད་རྩོམ་ཡིག་དེའི་ནང་། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཁག་གིས་བསྒྲུབས་པ་ནི་གཞི་རྒྱ་ཆེ་བའི་ཁྲིམས་རྩོད་པ་ཚོ་བདུད་བསྒྱུར་གྱི་དཀར་ནག་གོ་ལྡོག་གི་ལས་འགུལ་ཞིག་ལས་མ་འདས། རྒྱ་གཞུང་གི་མགྲིན་ཚབ་པ་སྨྱན་བྱད་དེ་དག་གིས་མི་དེ་ཚོས་ངོ་རྒོལ་རྩ་འཛུགས་བྱས་པའི་དམིགས་ཡུལ་ནི། “རྙོག་དྲ་བཟོ་མཁན” དེ་ཚོའི་ལག་ནས་ཁེ་བཟང་ལེན་ཆེད་རེད་ཟེར། འོན་ཀྱང་། དོན་དམ་པས། “རྙོག་དྲ་བཟོ་མཁན” ཟེར་བ་དེ་ཚོ་ནི་ནམ་རྒྱུན་ཁྲིམས་རྩོད་གླ་ཆ་སྤྲོད་རྒྱུ་མེད་པའི་སྐོར་ཚོགས་དེ་ཡིན། ཞེས་བཀོད་འདུག
ངེད་དྲ་ཚིགས།