གློག་ལྕེ།

           ཉིན་འགའི་རྗེས་སུ་མཁས་མཆོག་དམ་པ་དུང་དཀར་ཚང་གི་དགོངས་པ་རྫོགས་ཏེ་བགྲང་བྱ་བཅོ་བརྒྱད་ལོན་པའི་༡༩༩༧/༧/༢༢/-༢༠༡༥/༧/༢༢/ཉིན་མོ་རེད། དེས་ན་བདག་གིས་གླེང་གིན་པ་དང་གླེང་འོས་པ་དེ་ཡང་ཁོང་ཚང་ཡིན་འདུག་གོ །

        བདེན་པ་ཟེར་བ་ཡིན་ན་ཡང་ཆོག ཅི་ཞིག་ཡིན་ཡང་དེའི་ཚད་མ་ལྟ་བུ་ཡིན་པའི་སྐད་དང་ཡི་གེ་གང་རུང་ཞིག་བཤད་པ་དང་འབྲི་དུས་ཀྱང་གཡས་གཡོན་ལ་ཅུང་ཙམ་བསག་པ་དང་གཞན་གྱི་སྐྱོན་མ་སྔོག་པ་ནི་ཉུང་མཐའ་ཙམ་དུ་ཟད་དོ། །ཐ་ན་མདོ་རྒྱུད་གང་རུང་དང་དེ་འབྲེལ་གྱི་འགྲེལ་བ་ཚོ་ཅི་རིགས་ནའང་། ཆོས་གང་རུང་ཞིག་གདུལ་བྱའི་དབང་དུ་བྱས་ཏེ་གཡས་གཡོན་མེད་པ་ནི་འཚོལ་དཀའ་བའི་གནས་སུ་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་རེད།

        ཡིན་ཡང་། ངས་འདིར་ཡོངས་གྲགས་ཀྱི་མཁས་དབང་ཆེན་མོ་ཁོང་གླེང་འདོད་པའི་ལྟ་ཚུལ་དེ་ཡང་དམ་པ་གང་དེའི་རང་རིགས་སུ་ཕུལ་བའི་མཛའ་བརྩེ་དྲི་མ་མེད་པ་དེར་མོས་གུས་ཤིག་བྱེད་འདོད་པ་ལས། ༼དོན་གྲུབ་རྒྱལ་༽གྱི་སྒལ་ཚུགས་ཟེར་བ་ལྟ་བུའི་ངོ་གདོང་གཏུགས་ས་མེད་པའི་འཆལ་གཏམ་དེ་རིགས་བཤད་ཀྱང་མི་ཤེས་ལ་བཤད་རྒྱུའི་འདོད་པ་ཡང་གཞི་ནས་མེད་པ་དེ་ཡིན། དེ་དག་གླེང་བར་སྤྲོ་བ་ནི་དམར་པོའི་ལྟ་གྲུབ་སྟེ་ཕྱི་གླིང་བའི་ཕ་མ་རྒས་དུས་སྒོར་འདེད་པ་དང་དྲིན་གྱི་སྐྱོང་མཁན་གྱི་དམ་པ་དམར་གསོད་གཏོང་བ་སོགས་ཀྱི་སྤྱོད་ངན་དེ་དག་ལ་གུས་བརྩི་ལྡན་པའི་དེང་གི་སློབ་མ་རེ་འགའ་དང་གྲྭ་ལོག་རེ་འགའི་ངག་ཙམ་ལས་ཆེར་མི་སྣང་། ༼དོན་གྲུབ་རྒྱལ་༽གྱིས་རྩོམ་རིགས་ཤིག་འབྲི་སྲོལ་གཏོད་པ་ཙམ་གྱིས་ལྷ་རུ་བཀུར་བ་དེ་ཡང་དེ་འདྲའི་སྟབས་བདེ་ཞིག་མིན་པར་འདོད། བྱས་རྗེས་དེ་ངས་ཀྱང་ཁས་ལེན་གྱིན་ཡོད་མོད། དེ་འདྲའི་གུས་བརྩི་རླབས་ཆེན་མེད། གཞན་དུ་དེ་སྔོན་གྱི་བོད་པའི་མགུར་གཞས་སོགས་གྲོལ་བ་ཡིན་མིན་གྱི་ལྟ་ཚུལ་ཡོད་ཀྱང་དེ་ནི་སྐབས་དོན་གྱི་རེ་ཞིག་འཇོག་རྒྱུ་ཡིན།

       ཡང་ཁ་ཅིག་ན་རེ། ༼དགེ་འདུན་ཆོས་འཕེལ་༽ནི་རླབས་ཆེན་ཞིག་རེད་ཅེས་ཁ་འདོན་འདོན་འདོན་བྱེད་ཀྱིན་ཡོད་ལ། དེ་ནི་ངོ་མ་དོན་དང་མཐུན་པའི་གཏམ་ཞིག་ཏུ་བདག་གིས་ཀྱང་མཐོང་མྱོང་ལ་དེ་བཞིན་གུས་འདུད་ཀྱང་ཡོད་པ་ཡིན། རེད་དེ། ༼དགེ་འདུན་ཆོས་འཕེལ་༽ལ་རིགས་ཞེན་དང་ལ་རྒྱ་ཡོད་པ་བདེན་ཡང་ཁོང་མི་གླེན་རྟགས་ཚ་བོ་ཡོད་མཁན་དང་རང་གཤིས་གྱོང་བོ་ཅན་ཞིག་ཡིན་པ་ནི་སྔ་གཞུག་གི་ཁོང་གི་གསུང་རྩོམ་དང་ལོ་རྒྱུས་ལས་ཤེས་ཐུབ། ཁོང་གིས་སྐྱོན་ཆ་དེ་དག་ཁ་སྐོང་བྱེད་མ་ཐུབ་པར་བདག་ཀྱང་འགྱོད་གདུང་ཡོད་མཁན་ཞིག་ཡིན། དེང་སྐབས་འགའ་ཞིག་ནས་༼དགེ་འདུན་ཆོས་འཕེལ་༽སྐོར་གྱི་དཔྱད་རྩོམ་ལྟ་བུའི་བསྒྲགས་རྩོམ་འབྲི་མཁན་འགའ་རེ་འབྱུང་གིན་འདུག དེ་ཚོའི་ནང་གི་རེ་འགས་༼དགེ་འདུན་ཆོས་འཕེལ་༽གྱི་སྐྱོན་དང་འཚང་བརྗོད་པ་དེ་བྲིས་ནས་བསྟོད་ར་འཐེན་པ་དང་ཁོའི་བྱ་སྤྱོད་ངན་སྤྱི་ཚོགས་སུ་ཁྱབ་བརྡལ་གཏོང་བ་ནི་ཤི་བོའི་རྣ་མི་བདེ་བྱེད་ལོས་ཡིན་སྙམ།

          ཁ་ཅིག་གཞན་དག་ན་རེ། ཨ་ལགས་དུང་དཀར་ཚང་ནི་རིགས་ཞེན་མེད་མཁན་ཞིག་རེད་ཅེས་བཤད་མཁན་ཡང་འབྱུང་མྱོང་། ང་ཆེས་མི་དགའ་ས་ནི་དེའི་རིགས་དེ་རེད། དེ་ལྟར་ཟེར་མཁན་དག་ལ་ཡང་”ཅི་ཞིག་ལ་དང་བྱ་བ་གང་གི་སྟེང་ནས་དེ་ལྟར་མཐོང་སོང་”ཞེས་སོགས་ཀྱི་དྲི་བ་བཏང་ན། དུང་དཀར་ཚང་རྒྱ་ནག་གི་ལས་བྱེད་པ་རེད་ཅེས་ཟེར་བ་ལྟ་བུ་དང་ཡང་ན་ཁོང་གུང་ཁྲན་ཏང་ལ་བསྟོད་བསྔགས་བྱས་འདུག་ཟེར། ཁྱེད་ཅིག་གིས་སེམས་ལྷོད་ལྷོད་ཅིག་གྱིས་ཏེ་ལྟོས་དང་། འདི་ཙམ་གྱི་རིགས་ཞེན་མེད་འགྲུབ་བམ། དེས་ན་ཁྱེད་ཅག་དང་ཁྱེད་ཅག་ལྟ་བུ་ཚོས་ལྷ་ལྟར་བཀུར་བའི་༼དོན་གྲུབ་རྒྱལ་༽དང་༼ཨ་ལགས་ཚེ་བརྟན་ཞབས་དྲུང་༽ད་དུང་ཐོན་མི་གཉིས་པར་གྲགས་པའི་༼ཨ་ཁུ་དམུ་དགེ་བསམ་གཏན་༽སོགས་མང་ཡང་འདི་ནི་མཁས་རྒན་དག་ལ་ཁག་དཀྲི་ས་ཅང་མེད། ཁོང་རྣམ་པས་ཀྱང་དགོས་དབང་ལ་དམིགས་པ་ཤེས་པར་བྱ་རྒྱུ་ལས་གཞན་ཅང་མེད་དོ། །ད་ནི་བཤད་རྒྱུའི་དབུས་སུ་བབས་ན། ད་སྐབས་ཡོན་ཏན་པ་ཡིན་ཟེར་བའི་མཁས་རྒན་བཅུ་ཕྲག་འཛོམས་ནས་སྐད་གསུམ་ཤན་སྦྱར་དང་ཚིག་མཛོད་སོགས་དེ་ཙམ་རེ་བསྒྲིགས་ན་ཅི་འདྲའི་དཀའ་ཉོག་ཡོད་པ་ལོས་ཤེས། དེར་མཚོན་ནས་བཤད་ན་དམ་པ་ཁོང་གིས་༼དུང་དཀར་ཚིག་མཛོད་༽ནི་མི་ལོ་བཅུ་ལ་གཉོར་ཡོང་བ་རེད། འདི་ནི་སུ་ཞིག་གི་

          ཆེད་དུ་ཡིན་པ་ཤེས་སམ། ད་དུང་༼དུང་དཀར་ཚིག་མཛོད་༽འདིས་གྲྭ་བའི་སྡེ་དང་སློབ་མའི་སྡེ་གཙོ་གྱུར་གྱི་རིག་གནས་སྡེ་ཁག་གང་མང་ལ་ཕན་ག་ཙམ་བཏགས་ཡོད་པ་ཡང་ཤེས་དགོས་འདུག དེ་མ་ཟད་པའི་ཁོང་གི་གསུང་པོད་བརྒྱད་པོ་ལ་ཡང་དོན་གྱི་རྗིད་ཁོག་ཅི་ཙམ་མངའ་བ་དཔྱོད་ལྡན་དག་གིས་ཀློག་ན་གཞི་ནས་༼དུང་དཀར་བློ་བཟང་འཕྲིན་ལས་༽ཟེར་བ་ཞིག་ངོ་ཤེས་ཐུབ་པ་ལྟ་བུ་ཡིན་པ་ལས། དེ་རིང་འདི་ནས་ངས་ཚང་མར་འདིའོ་ཞེས་བྱིན་ཆོག་པ་ཞིག་མེད་ལ་སྟེར་མི་ཐུབ་པ་ནི་ངའི་སྐྱོན་ཡིན་ཡང་སྲིད་དོ། །

        དོན་དངོས་ལ་གདོང་གཏུགས་ཀྱི་སྐད་ཆ་ཞིག་བཤད་ན། ཉེ་རབས་ཀྱི་དགེ་རྒན་༼དོར་ཞི་༽་ནས་ཡར་དང་༼དགེ་འདུན་ཆོས་འཕེལ་༽ནས་མར་ལ་བརྩིས་ན་རིགས་ཞེན་དང་མཁས་ཚད་ཐོག་ནས་བཤད་ན་༼དུང་དཀར་ཚང་༽དེ་དག་གི་ཏོག་ཏུ་མ་བསྡད་ཀྱང་དམའ་བར་མི་འགྲོ་བ་སུས་ཀྱང་ཁས་མ་བླངས་ས་མི་འགྲོ་བ་ཞིག་ཏུ་ཚད་མས་གྲུབ་པའོ། །དེས་ན། ཤེས་ཡོན་པའི་སྡེ་ཁག་དང་སློབ་གླིང་སོ་སོ་ནས་ཁོང་གླེང་རྒྱུ་མེད་པ་དེ་ག་རེ་ཡིན་ནམ། གླེང་རིན་མེད་པ་ཞིག་ཀྱང་གཏན་ནས་ཡིན་རྒྱུ་མ་རེད་མོད། བྱ་སྤྱོད་འདི་དཔེར་མཚོན་ལ་བཞག་ན་བོད་ཀྱི་ཤེས་ཡོན་པའི་སྡེ་དང་སློབ་མ་ཚོའི་སྡེ་ཁག་ག་འདྲ་ཞིག་ཡིན་པ་ཧ་གོ་ངེས་རེད། བོད་ཀྱི་ཤེས་ཡོན་པ་དང་སློབ་མ་སྒལ་ཚིགས་གླེང་མཁན་ཚོ་ལ་ཡང་དོན་གྱི་སྒལ་ཚིགས་ཟེར་བ་ཞིག་མེད་པར་གྱུར་མེད་དམ་སྙམ་པའི་ཚོར་བ་ཞིག་ཀྱང་འགོག་མེད་དུ་སྐྱེ་ངེས། གང་ཞིག་ལ་སྙན་གྲགས་དང་ཀུན་གླེང་ཡོད་པ་དག་ལས་གཞན་ཞིག་མཐོང་མི་ཐུབ་པ་འདི་ཡང་རེ་ཞིག་མཐོང་རྒྱ་ཆུང་བའི་ཟོལ་གྱི་འདུག་པར་ཡང་སྙམ་མོ། །

          མདོར་ན། འུར་གྱིས་མྱོས་པའི་དེང་གི་བོད་མི་འདི་ཚོས་མཁས་པའི་རྣམ་དཔྱོད་དང་བྱས་རྗེས་གླེང་བ་ཡིན་ཞེས་མཁས་པའི་སྐྱོན་དག་སྤྱི་ཚོགས་སུ་ཁྱབ་བརྡལ་གཏོང་རྒྱུ་ནི་ངས་གོང་དུ་ཞུས་པ་བཞིན། མཁས་རྟགས་སྟོན་ཚུལ་ཞིག་ཡིན་པར་སེམས་ཡོད་ན་ཐང་མོད། རང་ངོས་ནས་དེར་དོན་སྣང་ཆེན་པོ་དང་འགན་བབ་ཅི་ཡང་མེད་ཀྱང་སོ་སོ་རང་ངོས་ནས་བོད་མི་རིགས་ཞེས་པའི་རུས་རྐང་ལས་ཆད་པ་ཞིག་ཡིན་ཕྱིན། གང་ཞིག་ནི་བསྟོད་གནས་དང་གང་ཞིག་ནི་སྨད་གནས་ཡིན་པར་མ་ངེས་པའི་བོད་ཀྱི་མཁས་པ་དང་རིག་གནས་པ་ཡིན་ཟེར་མཁན་ཚོ་མཐོང་དུས། མིག་ཟུང་ཞ་ར་དང་རྣ་ཟུང་འོན་པའི་བརྟུལ་ཞུགས་བཟུང་སྟེ་ཁ་རོག་གེར་སྡོད་མ་ཚུགས་པ་ཙམ་ཞིག་ཡིན། ཐུགས་འགལ་མེད་པར་ཤོག

༢༠༡༥/༧/༡༤/ཉིན།

དཔྱད་མཆན་སྤེལ།

%d