མགར་བཟའ།
དོ་ནུབ་ང་ཡང་བསྐྱར་མཚན་མོར་འཁྱུད།
ཕྱི་རོལ་ན་ཆར་རླུང་གི་འུར་སྒྲ་བར་མེད་དུ་ལྡང་བཞིན་འདུག
མཚན་སྨག་གི་མུན་པ་སྔར་བཞིན་སྡིགས་རྩུབ་ཀྱིས་འབབ་ཀྱིན་འདུག
སྐབས་ཐོག་འདིར་ཁྱེད་རང་མར་མེ་རྐང་ཞིག་གི་ཟོལ་གྱིས
ངའི་ཁུ་སིམ་སིམ་གྱི་ཁང་ཁྱིམ་འདིའི་བར་སྣང་ནས་འཕག
ཚེ་སྲོག་ནི་འཇགས་སུ་མེད་པའི་དབྱངས་རྟ་ཞིག་གི་འཕག་འཚག་ཡིན་ཚེ།
དེ་བསྐྱོམ་བྱེད་ཀྱི་རྒྱུ་བ་ཡོད་ཚད་ནི་སྙིང་གི་འཕར་ལྡང་ལ་འབྲེལ་ལམ།
སྐབས་རེར་ཆུ་ཐིགས་ལྟར་སྙི་བའི་སེམས་པ་འོད་ཀྲིག་ཀྲིག་གིས་འཛུམ་ཞིང་།
སྐབས་རེར་སྐྱོ་ངལ་དང་མཉམ་དུ་གང་ཞིག་ལ་འཐོར་འགྲོ
ཞོགས་པ་རེ་རེ་རྨི་ལམ་གྱི་གཤོག་ཟུང་ལྟར་ག་ལེར་བརྐྱང་དུས།
དྲན་གདུང་ཁོ་ན་བར་མེད་དུ་བཞུར་པའི་གཙང་བོ་ཞིག་དང་འདྲ་བར།
དཀའ་ཚགས་ཀྱིས་བྲིས་ཤིང་གསུབ་ཀྱིན་པའི་འཚོ་བའི་ཤུལ་ལམ་ན་བཞུར།
ཡིག་འབྲུ་རེ་རེའི་མིག་ཟུང་ལ་སྐོམ་གདུང་འཁྱིལ་དུས།
འཆར་ཡན་ནི་སྐྱོ་གར་ཞིག་ཡིན་ནམ་ཡང་ན་སྙིང་སྟོབས་ཤིག་ཡིན།
དྲོད་ལམ་ལམ་གྱི་སེམས་པ་རྣམ་ཤེས་ཀྱི་རྨུ་ཐག་ལ་འཇུས་ཏེ།
ཁྱེད་དང་གཞན་དག་ཡོད་ཚད་སང་ཉིན་ལ་ཕུལ་དོན་ཅི།
༢༠༡༥ ༧ ༢༥མཚན་དཀྱིལ་དུ་བྲིས།
ངེད་དྲ་ཚིགས།