ཞི་ཅིན་ཕེན་གྱི་བུ་མོས་བཤད་རྒྱུར།

ལིས་ཁེ་ཧྥོ་ཡི་སྒེར་གྱི་དྲ་བ་ལས་བཤུས།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བསྒྱུརད།

         ཞི་ཅིན་ཕེན་གྱི་བུ་མོ་ཧ་ཧྥུ་སློབ་གླིང་དུ་ཡོད། སྲིད་འཛིན་ཁོང་གིས་མོས་རང་རྒྱལ་དུ་སློབ་སྦྱོང་བྱས་ན་བསམ། དེ་ལྟ་ནའང་མོ་རང་རྒྱལ་དུ་མི་ལོག་པའི་སེམས་ཐག་བཅད། རྒྱུ་མཚན་ཅི།


           མོས་བཤད་རྒྱུར། ཧ་ཧྥུའུ་སློབ་ཆེན་དུ་རིན་ཐང་བླ་མེད་ཀྱི་གྱོན་ཆས་དང་། རྩ་ཆེ་བའིLVཨེལ་ཝེ་ཁུག་མ་དང་སྒེག་ཆོས་སོགས་མཐོང་རྒྱུ་མེད་ལ། མིང་གྲགས་ཅན་གྱི་ལྭ་བ་གྱོན་མཁན་གྱི་སློབ་དཔོན་ཆེན་མོ་དང་སློབ་མ་ཡང་མཐོང་རྒྱུ་མེད། དངོམ་ཆེ་བའི་རླངས་འཁོར་དག་གིས་མཛེས་མ་བསུ་མཁན་ཡང་མཐོང་རྒྱུ་མེད་དོ། །
མཐོང་ཡོང་བ་གཅིག་ནི་བྲེལ་བྲེལ་འཚབ་འཚུབ་ཀྱི་གོམ་སྟབས་དང་། བློ་རྩེ་འགྱུར་མེད་ཀྱིས་འབྲི་བཞིན་པའི་ཆེས་ཐོག་མའི་མི་ཚེ་དེའོ། །
ཧ་ཧྥུའུ་སློབ་ཆེན་ནི་ལྷ་སྒྲུང་ཞིག་མིན་པར་སློབ་གླིང་འདི་ནི་བདེན་དཔང་ཞིག་སྟེ། འདུ་ཤེས་ཀྱི་བདེན་དཔང་། སྙིང་སྟོབས་ཀྱི་བདེན་དཔང་། འདོད་འདུན་གྱི་བདེན་དཔང་། ཕུགས་བསམ་གྱི་བདེན་དཔང་བཅས་སོ། །
མིག་སྔར། ཧ་ཧྥུའུ་སློབ་ཆེན་གྱི་མཛེས་པའི་པར་རིས་གཉིས་དྲ་ཐོག་ཏུ་སྤེལ་བཞིན་པ་ནི། སློབ་ཆེན་དེ་གའི་སློབ་བུ་མང་བོས་ཞོགས་པའི་ཆུ་ཚོད་བཞི་བའི་སྟེང་སློབ་སྦྱོང་བྱེད་བཞིན་པའི་པར་རིས་རེད།  ཞོགས་པའི་དུས་ཚོད་བཞི་བའི་སྟེང་གི་སློབ་གླིང་དེ་གའི་དཔེ་མཛོད་ཁང་དུ་གློག་འོད་ཀྱིས་ཕྱི་གསལ་ནང་གསལ་གྱིས་ཁྱབ་ནས་ཡོད་ལ། དཔེ་མཛོད་ཁང་གི་རྐུབ་སྟེགས་ཡོད་ཚད་ཁེངས་ནས་ཡོད།  པར་རིས་དེར་འདི་ལྟར་བྲིས་ཡོད་དེ། ཧ་ཧྥུའུ་སློབ་ཆེན་ནི་མཚོན་རྟགས་རིགས་ཤིག་སྟེ། མི་ཡིས་ནི་དོན་དངོས་སྟེང་རང་ཉིད་ཀྱི་ནུས་པ་ཇི་ལྟར་བསྔོག་འདོན་བྱ། མི་ཡི་འདོད་འདུན། མི་ཡི་རིག་རྩལ། མི་ཡི་ཕུགས་བསམ། ཧ་ཧྥུའུ་སློབ་ཆེན་གྱིས་འདི་དག་ཇི་ལྟར་མངོན་གྱུར་བྱས་པ་ཡིན་ནམ།
ཧ་ཧྥོའུ་སློབ་ཆེན་གྱི་ཚོམས་ཆེན་ཟ་ཁང་དུ་སྐད་ཆ་བཤད་པའི་སྒྲ་ཅི་ཡང་ཚོར་དུ་མེད་ལ། སློབ་བུ་རེ་རེ་ཡིས་རང་གི་ཟ་མ་ཁྱེར་ནས་མར་བསྡད་རྗེས་ཕྱོགས་གཅིག་ནས་ཟས་ཟ་བ་དང་། ཕྱོགས་གཅིག་ནས་དཔེ་ཆར་བལྟ་བ་དང་ཟིན་བྲིས་འདེབས་པ་ལས་ཟས་བཟའ་རྒྱུ་གཅིག་བུ་ལས་དཔེ་ཀློག་མི་བྱེད་མཁན་གྱི་སློབ་བུ་གཅིག་ཀྱང་མེད་ལ། དེ་ལས་ཀྱང་ཟ་ཞོར་དུ་ཉོག་གཏམ་བཤད་མཁན་གྱི་སློབ་བུ་གཅིག་ཀྱང་མཐོང་རྒྱུ་མེད་དོ། །
ཧ་ཧྥོའུ་སློབ་ཆེན་གྱི་ཟ་ཁང་ནི་ཟ་མ་ཟོས་ཆོག་སའི་དཔེ་མཛོད་ཁང་དེ་ཡིན་པར་མ་ཟད། འདི་གའི་སློབ་ཆེན་གྱི་དཔེ་མཛོད་ཁང་དངོས་གནས་པ་བརྒྱ་ཡི་གྲས་སུ་མི་གཏོགས་པའི་དཔེ་མཛོད་ཁང་དེ་ཡིན་ནོ། །
ཧ་ཧྥུ་སློབ་ཆེན་གྱི་སྨན་ཁང་ཡང་ཟ་ཁང་གཅིག་མཚུངས་ཀྱིས་ལྷིང་འཇགས་ཡིན་པར་མ་ཟད། ནད་བཅོས་ལ་སྒུག་པའི་མི་ཇི་ལྟར་མང་ནའང་སྐད་ཆ་བཤད་མཁན་ནི་གཅིག་ཀྱང་མེད་ལ། དཔེ་ཀློག་དང་ཟིན་བྲིས་མི་བྱེད་མཁན་ཡང་གཅིག་ཀྱང་མེད་དོ། །
སློབ་གླིང་འདི་གའི་སྨན་ཁང་ཡང་དཔེ་མཛོད་ཁང་དུ་འགྱུར་བཞིན་ཡོད་ལ། དེ་བས་ཧ་ཧྥུ་སློབ་ཆེན་གྱིས་ད་བར་དུ་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་སུམ་ཅུ་སོ་གསུམ་དང་། ཨ་རིའི་སྲིད་འཛིན་བདུན་བསྐྱེད་སྲིང་བྱས་པ་ཡིན་ནོ། །
ཀྲུང་དབྱང་བརྙན་འཕྲིན་གྱིས(འཛམ་གླིང་དུ་སྙན་གྲགས་འབར་བའི་སློབ་ཆེན)གྱི་ཇུས་འགོད་པ་ཞེས་ཅོན་ལ་ཧ་ཧྥུ་སློབ་ཆེན་སྐོར་ལ་བཅར་འདྲི་བྱས་པར། མོས་གསར་འགོད་པར་བཤད་རྒྱུར། ང་ཚོ་ཧ་ཧྥུའུ་སློབ་ཆེན་དུ་འབྱོར་དུས་མཚན་གུང་གི་ཆུ་ཚོད་གཉིས་པ་རེད། ང་ཚོ་ཡ་མཚར་བ་ཞིག་ལ་སློབ་གླིང་ཧྲིལ་བོར་གློག་འོད་ཀྱིས་ཁྱབ་ནས་ཡོད་པས། ཉིན་དཀར་ཞིག་དང་འདྲ་བ་དེའོ། །
སློབ་གླིང་འདིའི་ཟ་ཁང་དང་དཔེ་མཛོད་ཁང་། སློབ་ཁང་བཅས་སུ་སློབ་བུ་མང་བོས་དཔེ་དེབ་ཀློག་བཞིན་པ་མཐོང་ལ། སློབ་སྦྱོང་གི་མཁའ་དབུགས་སྟུག་པོ་དེས་སྐད་ཅིག་དེ་ཉིད་ལ་རང་ཅག་སྒྲིབ་པར་བྱེད་དོ། །
ཧ་ཧྥུའུ་སློབ་ཆེན་དུ་སློབ་བུ་དག་གི་སློབ་སྦྱོང་བྱེད་པར་ཉིན་མཚན་གྱི་དབྱེ་བ་གཏན་ནས་མེད། སྐབས་དེར་བདག་གིས་གཞི་ནས་ཤེས་རྟོགས་བྱུང་བ་ཞིག་ལ་ཧ་ཧྥུའུ་ལྟ་བུའི་མིང་གྲགས་ཅན་གྱི་གླིང་དག་གི་སློབ་བུ་རྣམས་ལ་གནོན་ཤུགས་ཅི་བས་ཆེ་བ་དེ་ཡིན་ལ། ཧ་ཧྥོའུ་སློབ་ཆེན་དུ་གང་ས་གང་དུ་གཉིད་འདུག་པའི་མི་མང་དུ་མཐོང་བར་མ་ཟད། ཟ་ཁང་གི་རྐུབ་སྟེགས་རིང་བོའི་སྟེང་དུ་གཉིད་འདུག་པའང་མཐོང་ཞིང་། ཉེ་སའི་ཡར་འགྲོ་མར་འགྲོ་ཡི་ཟ་མ་ཟ་མཁན་དག་ཀྱང་གཉིད་འདུག་པ་རྣམས་མཚར་དུ་མི་བརྩི་སྟེ། རྒྱུ་མཚན་ནི་ཁོ་ཚོ་མགོ་རྟིང་ལོག་ནས་གཉིད་འདུག་པ་ནི་ཤིན་ཏུ་ཐང་ཆད་ཡོད་པ་ཤེས་ཡོད་པས་སོ། །
ཧ་ཧྥོའུ་སློབ་ཆེན་དུ་སློབ་བུ་མང་བོ་ཞིག་གིས་ཕྱོགས་གཅིག་ནས་བག་ལེབ་ཟ་བ་དང་།ཕྱོགས་གཅིག་ནས་དཔེ་ཀློག་ལ་མགོ་འཁོར་འདུག་པ་བཅས་ནི་མཐོང་རྒྱུ་ཤིན་ཏུ་མང་ངོ་། །
ཧ་ཧྥོའུ་སློབ་ཆེན་གྱི་བཅར་འདྲིའི་ཁྲོད་དུ་ཆེས་ཟབ་པའི་ཚོར་བ་ཞིག་རྙེད་པ་ནི་སློབ་གླིང་དེ་གའི་སློབ་བུ་རྣམས་ལ་དཀའ་སྡུག་ཤིན་ཏུ་ཆེ་མོད། ཡིན་ཡང་ཁོ་ཚོས་གསལ་བོར་ཤེས་ཡོད་པ་ནི་དཀའ་སྡུག་དེའི་ཁྲོད་དུ་སྤྲོ་སྐྱིད་གནས་ཡོད་པ་དེའོ། །
རྒྱུ་མཚན་གང་གི་ཕྱིར་དུ་ཧ་ཧྥོའུ་སློབ་ཆེན་གྱི་སློབ་བུ་དག་གིས་སྤྲོ་སྐྱིད་ཀྱི་སླད་དུ་དཀའ་བ་སྤྱོད་ཐུབ་པ་རེད་ཟེར་ན། བདག་གི་ཉམས་མྱོང་ལྟར་ན་ཁོ་ཚོའི་བསླབ་བྱ་ཡོད་ཚད་ཀྱིས་སྤྲོ་སྣང་འབར་བའི་ཞིང་ས་ཞིག་བསྐྲུན་ཐུབ་སོང་བ་དེ་དང་། ད་དུང་སློབ་གླིང་དེ་གའི་སློབ་བུ་དག་གི་སེམས་ན་མེ་བཞིན་འབར་བ་ནི་མ་འོངས་པའི་རླབས་ཆེན་འོས་འགན་ཕྲག་ཏུ་ཡོད་སྙམ་གྱི་འགན་འཁུར་བློ་སྟོབས་དེའོ། །
སློབ་གླིང་དེ་གའི་སློབ་བུ་དག་གི་ལུས་སྟེང་དུ་ཚེ་སྲོག་གི་སྟོབས་ཤུགས་ཤིག་འཕྱུར་ཡོང་སྙམ་པའི་ཚོར་བ་ཞིག་སྦྱིན་པར་བྱེད་དོ། །
ཞེས་ཅོན་གྱིས་བཤད་རྒྱུར། ཧ་ཧྥུའུ་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་པེ་ཅིན་སློབ་ཆེན་གྱི་བུ་མོ་ཞིག་གིས་ང་ལ་བཤད་རྒྱུར། སློབ་གླིང་དེ་གའི་དངོས་གཞི་སློབ་མས་སློབ་སྐབས་རེ་ལ་སློབ་ཚན་བཞི་རེ་དང་། ལོ་གཅིག་ལ་སློབ་ཚན་བརྒྱད་སྦྱང་དགོས་ཤིང་། དུས་ཡུན་ལོ་བཞིའི་རིང་སློབ་ཚན་སོ་གཉིས་ཀྱི་རྒྱུགས་སྤྲོད་ཆ་ཚང་འཕྲོད་རྗེས་གཞི་ནས་སློབ་མཐར་ཕྱིན་ཆོག
སྤྱིར་བཏང་གི་སྐད་ཆ་ལྟར་ན་སློབ་གླིང་དེ་གའི་དངོས་གཞི་སློབ་མ་ཚང་མ་སློབ་གྲྭར་འཛུལ་ཞུགས་རྗེས་ཀྱི་ལོ་སྔོན་མ་གཉིས་ལ་སློབ་ཚན་སྙིང་བསྡུས་ཀྱིས་སྦྱང་བ་བྱེད་དགོས་ལ། ལོ་གསུམ་པ་ནས་བཟུང་ཆེད་ལས་གཙོར་བཟུང་གིས་སློབ་སྦྱོང་བྱེད་པ་ཡིན་ནོ། །
ཤེས་རབ་མེ་ལྟར་འབར་བའི་སློབ་བུ་དག་གིས་ལོ་གཉིས་དང་གསུམ་གྱི་ནང་དུ་སློབ་ཚན་སོ་གཉིས་ཡོངས་སུ་སྦྱང་ཚར་བ་ཡིན་ལ། སྤྱིར་བཏང་གི་སློབ་བུ་དག་སློབ་ཚན་བཞི་ལ་སྦྱང་བའི་བྲེལ་སྟབས་ཀྱིས་མགོ་བོ་ཡང་ན་བར་བྱེད་པ་ཡིན་ཏེ། རྒྱུ་མཚན་ནི་སློབ་དཔོན་ཆེན་མོ་དག་གིས་བསླབས་པའི་སློབ་ཚན་ནི་ཤིན་ཏུ་མྱུར་བས་ཡིན་ལ། ཁྱེད་ཀྱིས་ཧ་གོ་དང་མ་གོ་གང་ཡིན་ཡང་སློབ་ཚན་གྱི་ཟུར་དུ་བཀླག་བྱའི་དེབ་སྤུངས་ནས་ཡོད་ལ། དེ་ཚང་མ་བཀླག་མ་གྲུབ་ན་ལས་བྱ་ཡང་གཏན་འབྲི་ཐུབ་པ་མེད་དོ། །
པེ་ཅིན་སློབ་ཆེན་གྱི་བུ་མོས་བཤད་རྒྱུར།བདག་གིས་འདི་རུ་གཟའ་འཁོར་གཅིག་རིང་དཔེ་ཆ་བཀླགས་པའི་ཚད་ནི་པེ་ཅིན་སློབ་ཆེན་གྱི་ལོ་གཅིག་གི་དཔེ་ཀློག་གི་ཚད་ཡིན་ལ།དེ་མ་ཟད་སློབ་གླིང་དེ་གའི་ལས་བྱའི་ཚད་ཤིན་ཏུ་མང་ངོ་། །
མོས་བཤད་རྒྱུར་ང་ཚོའི་སློབ་ཐུན་གྲོལ་རྗེས་ཀྱི་དུས་ཚོད་མང་ཤོས་དཔེ་ཀློག་ལ་བཀོལ་དགོས་ལ། ཡིག་ཆ་ཕྱོགས་བསྒྲིགས་བྱས་ཏེ་སློབ་ཚན་ལ་སྔོན་ནས་གྲ་སྒྲིག་བྱེད་པ་ཡིན། སློབ་ཐུན་སྔོན་གྱི་གྲ་སྒྲིག་ཆ་ཚང་བ་བྱུང་རྗེས་གཞི་ནས་སློབ་ཐུན་གྱི་སློབ་ཁྲིད་སྟེང་དུ་མི་གཞན་པ་དང་བསམ་བློ་བརྗེ་རེས་བྱ་བ་དང་། ཁྱེད་ཀྱི་མི་སྒེར་གྱི་བསམ་བློ་ལེགས་སྐྱེས་སུ་འབུལ་བ་སོགས་གཞི་ནས་གཞན་དང་མཉམ་དུ་སློབ་སྦྱོང་བྱ་ཐུབ་པ་ཡིན། དེ་མ་གཏོགས་སློབ་ཐུན་སྔོན་དུ་གྲ་སྒྲིག་ཅི་ཡང་མེད་ཚེ་སློབ་ཐུན་ཁྲོད་ཀྱི་བསླབ་བྱ་གཅིག་གི་ནང་དོན་རྟོགས་པའི་རེ་བ་ཡང་རྦད་དེ་མེད་དོ།།
སློབ་བུ་རེ་རེ་ནི་དུས་ཚོད་ཀྱི་གཏིང་དུ་འཛུལ་ནས་བློ་རྩེ་གཅིག་སྒྲིམ་གྱིས་གྲ་སྒྲིག་བགྱིས་ཚར་རྗེས་གཞི་ནས་སློབ་ཐུན་གྱི་བགྲོ་གླེང་ལ་ཞུགས་ཆོག་པ་ལས།བགྲོ་གླེང་སྔོན་དུ་དེ་འདྲའི་དཔེ་ཆ་མང་བོ་བཀླག་མེད་ཚེ་བགྲོ་གླེང་ལ་ཞུགས་པའི་ཐབས་ཤེས་ཁྱོན་ནས་མེད་དོ། །
ཞེས་ཅོན་གྱིས་བཤད་རྒྱུར། སློབ་གླིང་འདིའི་སློབ་བུ་དག་གི་སློབ་སྦྱོང་གི་གནོན་ཤུགས་ནི་སློབ་མ་གནས་དབྱུང་གི་སྒྲིག་གཞིའི་ལམ་ལུགས་ལས་བྱུང་བ་ཡིན་ཏེ། སློབ་གླིང་འདིར་ལོ་རེར་ཆ་སྙོམས་ཀྱིས་སློབ་མ་བརྒྱ་ཆའི་ཉི་ཤུ་ནི་སློབ་མཚམས་འཇོག་ཏུ་བཅུག་པའི་སློབ་མའམ་གནས་དབྱུང་བྱས་པའི་སློབ་མ་ཡིན་ཏེ། ཁོ་ཚོས་རྒྱུགས་སྤྲད་པ་ཚད་གཞིར་མི་ལོན་པའམ་སློབ་སྦྱོང་བྱས་པའི་སྐར་གྲངས་དམའ་བས་ཡིན་ལ། དེ་མ་ཟད་གནས་དབྱུང་བྱས་པའི་བརྒྱ་ཆའི་ཉི་ཤུའི་སློབ་མ་རྣམས་ཀྱི་རྒྱུགས་ཚད་ནི་སློབ་སྐབས་ཐ་མར་སྦྱངས་ནས་འབྲས་བུ་ལོན་པ་ཞིག་གཏན་ནས་མིན་ནོ། །
སློབ་ཐུན་རེ་རེ་ལ་བཏབ་པའི་སྐད་ཆའི་ཟིན་ཐོ་བཅས་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་བཅུ་ནི་སློབ་གླིང་འདིས་སློབ་བུ་རྣམས་ལ་བཏོན་པའི་བརྒྱ་ཆའི་བསྡུར་གྲངས་ཀྱི་རེ་བ་ཡིན་པས། བཏང་སྙོམས་སུ་བསྐྱུར་ནུས་པ་ནི་མ་ཡིན་ནོ། །
ཧ་ཧྥུ་སློབ་གླིང་གི་གཏན་འཇགས་སློབ་དཔོན་ཆེན་མོ་ཆོ་ཁྲིན་ཐུང་ལ་བཅར་འདྲིའི་སྐབས་སུ་ཁོང་གིས་བཤད་རྒྱུར། རྒྱ་ནག་གི་སློབ་ཆེན་སློབ་མའི་འཚོ་བ་ནི་ལྷོད་དྲགས་སོང་། ང་ཚོས་ནམ་རྒྱུན་བཤད་པ་སྟེ།རྒྱ་ནག་གི་བྱིས་པས་མཐོ་རྒྱུག་གི་སླད་དུ་དཀའ་ལས་ག་ཚོད་མྱངས་ཡོད། དོན་དངོས་སྟེང་ཨ་རིའི་མིང་གྲགས་ཅན་གྱི་སློབ་འབྲིང་ཁ་ཤས་ནང་དུ་འབྲིང་རིམ་སློབ་མས་ཀྱང་ཁྱེད་ཚོ་དང་གཅིག་མཚུངས་ཀྱིས་དཀའ་བ་སྤྱོད་ཀྱིན་ཡོད། བདག་གི་བྱིས་པས་འབྲིང་རིམ་འགྲིམ་པའི་སྐབས་སུ་ནམ་རྒྱུན་སློབ་སྦྱོང་གི་རྐྱེན་པས་མཚན་གུང་བར་དུ་འདུག་གོ །
ཨ་རིའི་བྱིས་པ་རྣམས་ནར་སོན་པའི་གོ་རིམ་ཁྲོད་དུ་སློབ་སྦྱོང་གི་འོས་འགན་ཡང་ཤུགས་ཆེ་རུ་འགྲོ་བ་ཡིན་ལ། སློབ་གྲྭ་ཆེན་མོར་བསླེབས་སྐབས་ནི་སློབ་སྦྱོང་གི་དཀའ་ཁག་ཤིན་ཏུ་ཆེ་བའི་དུས་ཡིན་པར་མ་ཟད། སྙན་གྲགས་ཡོད་པའི་སློབ་གྲྭ་ཡོད་ཚད་ཀྱིས་ངེས་པར་དུ་དཀའ་བ་སྤྱད་དགོས་པའི་དུས་ཀྱང་ཡིན་ནོ། །
ཡིན་ནའང་རྒྱ་ནག་གི་བྱིས་པ་དག་སློབ་གྲྭ་ཆེན་མོར་ཞུགས་རྗེས་སྐད་ཅིག་དེ་ཉིད་ལ་ལྷོད་པར་གྱུར་སོང་བ་ཡིན་ནོ། །ཁོ་ཚོས་རྣམ་གཡེང་གིས་བསྐྱལ་བའི་མི་ལོ་བཞི་ནི་ཨ་རིའི་སློབ་ཆེན་པ་དག་གིས་འབད་འབུངས་བླ་མེད་བགྱིས་པའི་ལོ་ངོ་བཞི་ཡིན་ལ། མི་ཚེའི་ནུས་སྟོབས་གསོག་ཉར་བྱས་པའི་གསེར་མདོག་གི་ལོ་ངོ་བཞི་ཡིན་པས། འཛམ་གླིང་སྟེང་དུ་ཚན་རིག་གི་ལག་རྩལ་ཤིན་ཏུ་མཐོ་བའི་མི་སྣ་མང་ཆེ་བ་ཨ་རི་བ་ཡིན་སོང་བ་དེའོ། །
ཞིས་ཅོན་གྱིས་བཤད་རྒྱུར། ང་ཡང་དེ་གཅིག་མཚུངས་ཀྱི་ཚོར་སྣང་ཞིག་ཡོད་དེ། ང་ཚོས་ཀྱང་རྒྱལ་ནང་གི་མིང་གྲགས་ཅན་གྱི་སློབ་གྲྭ་རེ་འགར་བཅར་འདྲི་བྱས་མྱོང་སྟེ། ཧ་ཧྥུ་སློབ་ཆེན་ནང་བཞིན་གྱི་སློབ་སྦྱོང་གི་མཁའ་དབུགས་ཤིག་དང་། ཁོར་ཡུག་ཅིག་གཏན་དུ་རྙེད་དཀའ་བ་དེའོ། །
ཞིས་ཅོན་གྱིས་ཤིན་ཏུ་ཚོར་བ་ཟབ་པའི་སྒོ་ནས་བཤད་རྒྱུར། ཧ་ཧྥུ་སློབ་གླིང་དུ་བསླེབས་ཚེ་ཁྱེད་ཀྱིས་གཞི་ནས་ཤེས་སྲིད་དེ། བླ་ན་མེད་པའམ་ཕུལ་དུ་བྱུང་བ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་མིན་ཏེ།འབད་པ་དང་བརྩོན་འགྲུས་བསྐྱེད་ནུས་པའི་མི་ནི་ཕུལ་དུ་བྱུང་བ་ཡིན་པ་དེའོ། །
རྒྱ་ནག་དང་ཨ་རི་གཉིས་ཀྱི་སློབ་མ་བསྡུར་ནས་བཤད་པ་ལ། ཞིས་ཅོན་གྱིས་བཤད་རྒྱུར། བདག་གིས་ངེས་ཤེས་ཟབ་མོ་ཞིག་རྙེད་ཡོད། ང་ཚོའི་སློབ་མ་རྣམས་ལ་དཀའ་བ་སྤྱོད་པའི་སྙིང་སྟོབས་མི་འདུག ང་ཚོའི་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་མཐོ་རྒྱུག་གི་སྔོན་ནི་ཆེས་དཀའ་སྡུག་ཆེ་བའི་དུས་ཚོད་དེ་རེད་འདུག་བསམ་ཡོད།
ང་ཚོས་བཤད་པའི་སློབ་སྦྱོང་གི་དཀའ་སྡུག་ཅེས་པ་ནི་མིག་སྔའི་རང་གི་ཁེ་ཕན་ཙམ་གྱི་ཕྱིར་དུ་འགུལ་ལྕོག་བརྒྱབ་པ་ཙམ་རེད་པས། དེའི་ཁྲོད་དུ་འཛད་མེད་ཀྱི་སྤྲོ་སྣང་ཅི་ཡང་མེད། ང་ཚོའི་སློབ་ཆེན་སློབ་མ་མང་ཤོས་ཀྱིས་མཐོ་རྒྱུག་གི”གདུང་གཅིག་ཟམ་པ”བརྒལ་ཚར་རྗེས། སློབ་གྲྭ་ཆེན་མོར་བདེ་བདེ་སྐྱིད་སྐྱིད་ཀྱི་ངང་ནས་སློབ་མཐར་ཕྱིན་པར་སྒུག་ཡོད་ལ། འཛིན་གྲྭ་ལ་ཡང་འགྲོ་མ་བསམ་ན་མ་སོང་ཡང་ཆོགརྒྱུག་ལེན་གྱི་དུས་ཡུན་ཐུང་ཐུང་ནང་འབད་བརྩོན་ཅི་ནུས་ཤིག་བྱས་པས་འཐུས་སོ། །
དེར་མ་ཟད་ཁྱིམ་བདག་དག་གིས་ཀྱང་རང་གི་བྱིས་པར་ཆུང་དུས་ནས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་བསམ་བློ་ཞིག་སྦྱིན་པ་ནི། བྱིས་པ་དག་གིས་སློབ་སྦྱོང་ཡོད་ཚད་ནི་མཐོ་རྒྱུག་ལེན་པའི་ཆེད་དུའོ་སྙམ་པ་འདིའོ། །རྒྱུ་མཚན་དེ་ཡི་ཕྱིར་དུ་མཐོ་རྒྱུག་མཇུག་སྒྲིལ་རྗེས་སློབ་སྦྱོང་ནི་ཡང་བསྐྱར་གལ་ཆེན་མ་ཡིན་པ་ཞིག་ཏུ་འགྱུར་སོང་བ་ཡིན་ནོ། །
ཨ་རིའི་སློབ་ཆེན་དག་དང་ལྷག་པར་དུ་སྐད་གྲགས་ཆོད་པའི་སློབ་གླིང་དག་གི་དཀའ་སྡུག་ནི་ང་ཚོའི་བློ་ཡིད་དུ་འཁོར་ཐུབ་པ་ཞིག་གཏན་ནས་མིན། ཧ་ཧྥུ་སློབ་གླིང་དུ་སློབ་སྦྱོང་དབང་དུ་བསྡུ་བར་བྱ་ཞེས་པ་ནི་ཁོ་ཚོའི་སྐད་འབོད་གཅིག་བུ་ཡིན། ཁྱེང་རང་ལ་ཚད་བརྒལ་གྱི་འགྱུར་བ་ཞིག་དགོས་ན་སློབ་སྦྱོང་མང་དུ་བྱེད་དགོས་པས། སློབ་གླིང་འདིའི་སློབ་ཐུན་བཀོད་སྒྲིག་ཀྱང་ཤིན་ཏུ་མང་ངོ་། །
སློབ་མའི་དགག་སྒྲུབ་རང་བཞིན་གྱི་བསམ་གཞིག་གི་ནུས་པ་དང་། བསམ་པའི་སྟོབས་ཤུགས་ལ་རོགས་འདེགས་བྱེད་པ་དང་། བདེན་རྫུན་དང་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་སྦྱོང་བརྡར་བྱེད་པ། དངོས་པོ་རང་སྟེང་གི་འགྱུར་བ་ལ་གཟབ་ནན་གྱིས་དབྱེ་ཞིབ་བྱ་བར་རྒྱུན་འཁྱོངས་དང་། རྒྱུ་མཚན་རང་བཞིན་གྱི་ནུས་པ་སྤྱད་དེ་ལོ་རྒྱུས་ཀྱི་དོན་དངོས་དང་། ཀུན་སྤྱོད་ཀྱི་གནད་དོན་ངོས་འཛིན་བྱ་བ་དེ་ནི་སློབ་གླིང་འདིའི་སློབ་ཚན་གྱི་དམིགས་ཡུལ་ངོ་མ་དེ་ཡིན་ནོ། །
ཕྱོགས་གཞན་ཞིག་ནས་དུས་ཡུན་རིང་བོར་ཚད་བརྒལ་གྱིས་སློབ་སྦྱོང་བྱེད་པའི་སྙིང་སྟོབས་ཤིག་སྦྱོང་བརྡར་བྱས་པའང་ཡིན་ནོ། །
ཨ་རིའི་སློབ་ཆེན་གྱི་སློབ་མ་དག་གིས་སྤྲོ་སྣང་ཟབ་མོ་ཞིག་དང་། གསོག་ཉར་བགྱིས་པའི་ནུས་སྟོབས་དག་ཁྱེར་ནས་སྤྱི་ཚོགས་སུ་ལས་གནས་ལ་ཞུགས་པའི་སྟ་གོན་བྱེད་པའི་ཚེ་ན། རྒྱ་ནག་གི་སློབ་ཆེན་སློབ་མ་དག་དབུགས་རིང་ཞིག་གཏོང་ཞོར་ད་ནི་ངལ་གསོ་ཡག་པོ་ཞིག་བྱ་སྙམ་ནས་ཡོད། རྒྱ་ནག་རང་བཞིན་གྱི་སློབ་གསོས་སློབ་བུ་རྣམས་ལ་མཐོ་རྒྱུག་སྔོན་དུ“ཤུགས་རྒྱོབས”ཞེས་པའི་ངར་ཤུགས་བསྩལ་མྱོང་བ་ལས། ནུས་ཤུགས་གསོག་ཉར་གྱི་རིམ་པར་བསླེབས་དུས་ནུས་སྟོབས་ཟེར་བ་ཅི་ཡང་མེད་དོ། །
འདིའི་རྩ་བ་ནི་ང་ཚོའི་རྨང་གཞིའི་སློབ་གསོ་ལ་ཐུག་འདུག་པ་དེའོ། །
ཨ་རིའི་སློབ་ཆུང་ནི་ཤེས་ཡོན་གྱི་སེར་སྣ་ཅན་ཏེ། བྱིས་པར་ཤེས་ཡོན་ཐོབ་པའི་གྲངས་ཚད་ལ་ཚོད་འཛིན་བྱེད་ཅིང་། བྱིས་པ་རྣམས་ལ་ཟླ་བ་གཅིག་རེར་ཤེས་བྱ་གཅིག་རེར་ཐོབ་ན་ཡིད་ཚིམས་པ་ཡིན་ལ། ཤེས་བྱ་གཅིག་རེ་ཐོབ་པའི་སླད་དུ་དཀའ་སྡུག་གི་རྔུལ་ཆུ་མང་དུ་གཏོར་དགོས་པ་ཡིན་ནོ། །
བརྒྱུད་རིམ་འདིའི་ཁྲོད་དུ་རང་ཉིད་ཁོ་ནའི་ལག་པ་འགུལ་བ་དང་། བསམ་གཞིགས་བྱེད་པ། ཚོར་བ་ཇེ་ཟབ་ཏུ་གཏོང་བ་བཅས་ནི་ཤེས་བྱ་རང་ཉིད་ལས་གཙོ་བོར་བྱེད་ལ། སློབ་མ་རྣམས་ལ་ཤེས་བྱར་སྦྱང་འདོད་ཀྱི་འདུན་པ་མེ་ལྟར་འབར་བར་འགྱུར། རྒྱ་ནག་གི་སློབ་ཆུང་སློབ་གསོ་ནི་ཧམ་སེམས་ཅན་ཏེ། ཤེས་ཡོན་ནི་ཕངས་མེད་དུ་སྦྱིན་ཆོག་པའི་རིན་མེད་ཀྱི་གསེར་ནག་ཏུ་བསྒྱུར་འགྲོ་ལ། རྒྱ་ནག་གི་སློབ་གསོ་བས་ཤེས་ཡོན་དང་ཤེས་རབ་གཉིས་བར་གྱི་འབྲེལ་བ་མི་ཤེས་པས། བྱིས་པ་རྣམས་ལ་ཐད་ཀར་དུ་ཤེས་བྱ་མང་བོ་མང་བོ་ཞིག་འཐོབ་པར་བྱེད་པ་ཡིན་ནོ། །
ཨ་རིའི་སློབ་གསོ་བ་དག་གིས་ནི་སྔོན་དུ་བྱིས་པ་རྣམས་ཀྱི་ཚོར་ཤེས་ཇེ་ཟབ་ཏུ་གཏོང་ལ། དེ་ནས་བསམ་གཞིག་བསླབ་པར་བྱེད། དེའི་རྗེས་ནས་ཤེས་ཡོན་འཐོབ་པར་བྱེད། སྐབས་འདིར་བསླེབས་དུས་ཤེས་ཡོན་ནི་ཤེས་རབ་ཏུ་འགྱུར་ཚར་བ་ཡིན་ནོ། །
རྒྱུ་མཚན་འདིའི་ངོས་ནས་འགོ་བཙུགས་དུས་ཤེས་ཡོན་ནི་ཤིན་ཏུ་ནས་ལས་སླ་བོ་ཞིག་དང་། ཚོར་ཤེས་ཟབ་མོ་ཡང་ཅུང་སླ་བོའི་སྒོ་ནས་ཐོབ་ཐུབ་པ་ཡིན་ལ། ཤེས་ཡོན་ཡང་ལས་སླ་བོའི་ཐོག་ནས་ཤེས་རབ་ཀྱི་ངོ་བོར་འགྱུར་ཐུབ་པ་ཡིན། ཤེས་རབ་ཅེས་སུ་བསྙད་པ་ནི་དོན་དངོས་སྟེང་ང་ཚོས་རྒྱུན་པར་གླེང་བའི་གསར་གཏོད་ཀྱི་ནུས་པ་ཞེས་པ་འདི་ཡིན་ནོ། །
སློབ་སྦྱོང་ལ་གོ་རིམ་གསུམ་ཞིག་ཡོད་དེ། ཚོར་ཤེས་ངོས་འཛིན—ཚོར་ཤེས—-ཤེས་ཡོན་བཅས་སོ། །
ཤེས་ཡོན་ནི་སློབ་སྦྱོང་གི་ཆེས་མཐོ་བའི་རིམ་པ་དེ་ཡིན། ཨ་རིའི་སློབ་གསོས་བྱིས་པ་རྣམས་རིམ་པ་འདི་གསུམ་བརྒྱུད་པར་བྱེད་ལ།དེའི་རྗེས་གཞི་ནས་ཤེས་ཡོན་ཐོབ་ཐུབ་པ་ཡིན་ནོ། །
རྒྱ་ནག་གི་སློབ་གསོས་བྱིས་པ་རྣམས་ལ་ཚོར་བའི་རང་བཞིན་ངོས་འཛིན་ནས་ཤེས་ཡོན་ཐོབ་ཏུ་འཇུག་པའམ། ཡང་ན་ཐད་ཀར་དུ་ཤེས་ཡོན་ཐོབ་ཏུ་འཇུག་པ་ཡིན་ནོ། །
ཨ་རིས་སློབ་གསོས་བྱིས་པ་རྣམས་ལ་ཟླ་གཅིག་རིང་ཐོབ་པར་བྱས་པའི་ཤེས་ཡོན་ནི་རྒྱ་ནག་གི་སློབ་གསོས་ཉིན་གཅིག་ལ་ཐོབ་པའི་བསྡུར་གྲངས་དང་མཚུངས་སོ། །
འདི་གཉིས་ལ་ཉིན་ཉེར་དགུའི་ཁྱད་པར་ཡོད་ལ།ཉིན་ཉེར་དགུ་ནི་ཚོར་ཤེས་སྦྱོང་བརྡར་གྱི་དུས་ཚོད་ཡིན་ནོ། །
ཨ་རིས་སློབ་གསོས་བྱིས་པར་ཚོར་ཤེས་ངོས་འཛིན་སྦྱོང་བརྡར་བརྒྱུད་རྒྱ་ནག་གི་སློབ་གསོ་ལས་མང་བའི་དངོས་པོ་གཅིག་བསྐྲུན་ཡོད་པ་ནི་གང་ཞེ་ན་ཤེས་རབ་བོ། །
ཨ་རིའི་སློབ་མས་རྒྱ་ནག་གི་སློབ་མ་ལས་མང་བའི་དངོས་པོ་གཅིག་བསྐྲུན་ཡོད་པ་ནི་གང་ཞེ་ན་གསར་གཏོད་ཀྱི་ནུས་པའོ། །
མཐོ་འབྲིང་གི་སྐབས་སུ་ཨ་རིའི་སློབ་གྲྭ་དག་གིས་རང་འགུལ་གྱིས་སློབ་སྦྱོང་བྱེད་དུ་འཇུག་པའི་གོམས་གཤིས་ཤིག་སྐྱེད་སྲིང་བྱེད། རྒྱ་ནག་དང་བསྡུར་ན་རྒྱ་ནག་གི་མཐོ་འབྲིང་དགེ་རྒན་དག་གིས་རང་ཉིད་ཀྱི་འཆད་ཁྲིད་ཁོ་ན་ལས་སློབ་མས་བསམ་གཞིག་མི་བྱེད་པའི་སློབ་ཁྲིད་བྱེད་ལ། དེ་བས་སློབ་མ་རྣམས་ལ་སྒྱིད་ལུག་གི་གོམས་གཤིས་ཤིག་འཇགས་པར་བྱེད་དོ། །
ནུས་པ་དང་གོམས་གཤིས་ལ་ཁྱད་པར་ཤོར་བའི་སྟབས་ཀྱིས་ཨ་རྒྱ་གཉིས་ཀྱི་སློབ་མའི་འཚོ་བའི་གདམ་གསེས་མི་འདྲ་ལ།སྤྱོད་ལམ་ཡང་ཁ་ཁ་སོ་སོ་ཡིན་ནོ། །
སློབ་གླིང་འདིའི་སློབ་བུ་རྣམས་ཀྱིས་བཤད་རྒྱུར། ཧ་ཧྥུ་སློབ་གླིང་དུ་སློབ་སྦྱོང་གི་གནོན་ཤུགས་རབ་ཏུ་ལྕི་བས་གཉིད་པའི་དུས་ཚོད་ཤིན་ཏུ་ཉུང་། དེ་བས་ལན་རེར་དམྱལ་བར་ལྷུང་བ་ལྟ་བུའི་ཚོར་སྣང་འབྱུང་ཡང་། འདི་ནི་སྙིང་སྟོབས་ཀྱི་གཡུལ་འགྱེད་ཅིག་གོ་ཞེས་ཟེར་རོ། །
ཡིན་ཡང་གལ་སྲིད་འདི་ལྟར་དཀའ་སྤྱད་ལ་གདོང་གཏད་ནས་འགྲོ་ཐུབ་ཚེ་འདི་ལས་ཆེ་བའི་མ་འོངས་པའི་དཀའ་ཁག་གང་མང་ཞིག་ཁྱེད་ཀྱིས་མེད་པར་བྱ་ཐུབ་བོ། །
ཡིན་ཡང་རྒྱ་ནག་གི་སློབ་ཆེན་སློབ་མ་རྣམས་ཀྱི་བསམ་པར་སློབ་ཆེན་ལ་བསླེབས་རྗེས་གཞི་ནས་དཀའ་ཁག་ལས་ཐར་སོང་སྙམ་སྟེ་སྒྲུབ་བསམ་བསམ་ཞིག་སྒྲུབ་བཞིན་པ་དང་། དུས་ཚོད་མང་བོ་ཞིག་ཀྱང་སློབ་སྦྱོང་དང་འབྲེལ་མེད་ཀྱི་བྱ་བའི་སྟེང་དུ་བཀོལ་བཞིན་ཡོད་དོ། །
རྒྱ་ནག་གི་སློབ་ཆེན་པ་དག་ནི་སློབ་སྦྱོང་གི་དུས་ཚོད་ལེགས་ཤོས་དེ་འདི་ལྟར་རྫོགས་སོང་། སློབ་ཆེན་པ་དག་ཀྱང་དུས་ཚོད་ཀྱིས་འདི་ལྟར་རྒྱང་རིང་རྒྱང་དུ་གཡུགས་སོང་ངོ་། །
ཧ་ཧྥུ་སློབ་གླིང་དུ་སློབ་དཔོན་ཆེན་མོ་རྣམས་ཀྱིས་སློབ་བུ་རྣམས་ལ་དུས་ཚོད་བདག་གཉེར་བྱེད་ཕྱོགས་ལ་གསལ་འདེབས་བྱེད། མི་ཚེའི་བགྲོད་ལམ་སྟེང་དུ་མི་རྣམས་རེ་ཐག་ཆད་བཞིན་མདུན་དུ་སྐྱོད་བཞིན་ནའང་། ཁྱེད་ཀྱིས་སྔོན་ལ་མདུན་བསྐྱོད་ཀྱི་མཚམས་མ་འཇོག གཅིག་བྱས་ན་ཁྱེད་རང་འགྲེང་ནས་བསྡད་ཡོད་དུས་ཁོས་ཁྱེད་ཀྱི་རྗེས་ནས་སྙེག་གིན་ཡོད་སྲིད། ཡིན་ནའང་ཁྱེད་རང་ཁ་ཕྱིར་འཁོར་དུས་ཁོས་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་དེ། རྒྱུ་མཚན་ནི་ཁོ་རང་ཁྱེད་ཀྱི་སྔོན་དུ་བྲོས་ཚར་བས་སོ། །
དེ་བས་ཁྱེད་ཀྱིས་ངེས་པར་དུ་ཁོའི་རྗེས་སུ་བསྙེག་དགོས་པ་ཡིན་ནོ། །དེ་བས་ཁྱེད་ཀྱི་གོམ་སྟབས་གཏན་ནས་མཚམས་འཇོག་མི་ཉན། མདུན་བསྐྱོད་མཚམས་མ་འཇོག རྒྱུག་ཚད་བར་མ་གཅོད། ལེགས་འགྲུབ་དང་བདེ་སྐྱིད་གཉིས་ནི་དུས་གཅིག་ཏུ་ཡོང་ཐབས་གཏན་ནས་མེད་དོ། །
གདམ་གསེས་ནི་གཅིག་ལས་མེད། གདམ་གསེས་གཉིས་པ་ནི་དོར་བར་བྱ། ཧུར་བརྩོན་མེད་པའི་དེ་རིང་ནི་སང་ཉིན་གྱི་སྡུག་བསྔལ་དུ་འགྱུར་ཐག་ཆོད་དོ། །
ཧ་ཧྥུ་སློབ་ཆེན་གྱིས་རང་ཉིད་ཀྱི་སློབ་བུ་རྣམས་ལ་འདི་ལྟར་བཤད་ཀྱིན་ཡོད་དེ།སློབ་སྦྱོང་གི་དཀའ་ངལ་ནི་ཡུད་ཙམ་དང་། སློབ་སྦྱོང་མེད་པའི་སྡུག་བསྔལ་ནི་ཚེ་གཅིག་གོཞེས་པའོ། །
ཧ་ཧྥུ་སློབ་ཆེན་དུ་ཁང་བརྩེགས་མཐོན་པོ་མེད་དེ། གཅིག་ཡོད་པ་ནི་དབྱིན་ཇི་གསར་མའི་གྱོ་མོ་དམར་པོའི་རྩིག་གྱང་དེའོ། །དེ་མ་གཏོགས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་དག་ལའང་སློབ་གླིང་འདིར་རླངས་འཁོར་འཇོག་གནས་རྫིག་པོ་ཞིག་ཀྱང་མེད་པ་ཡིན་ལ། གང་ལྟར་སློབ་གླིང་འདིར་ངོམ་དུ་རུང་བ་ཞིག་ཡོད་པ་ནི་དཔེ་མཛོད་ཁང་བརྒྱ་ཡོད་པ་འདི་དང་། ལྷག་པར་དུ་དཔེ་མཛོད་ཁང་རེ་རེ་ནི་མི་དང་འདྲ་བའམ་མི་རེ་རེ་ནི་དཔེ་མཛོད་ཁང་ཞིག་ཡིན་པ་འདིའོ། །
སློབ་གླིང་འདི་དང་སློབ་གླིང་འདི་གའི་སློབ་བུ་རྣམས་ལ་ཕྱི་རྫིག་ནང་སྟོང་གི་སྣང་ཚུལ་དེ་ནམ་ཡང་མི་མཁོའོ། །
མི་རྣམས་ཀྱིས་ཧྲི་དཔའ་ཚིར་འབོད་ཅིང་ཤར་ཕྱོགས་པའི་རུའུ་ལུགས་ཀྱི་མཁས་ཆེན་ཞིག་དང་གཉིས་སུ་མེད་པའི་ཧ་ཧྥུ་སློབ་གླིང་གི་མཁས་ཆེན་དེས། དགུང་ལོ་གྱ་གཉིས་སྟེང་དུ་འབྲས་སྐྲན་ནད་པར་བཤའ་བཅོས་བྱེད་མྱོང་ལ། མཚམས་ལན་ལན་རེེར་ཁོང་ངལ་དུབ་ཀྱིས་ཤིན་ཏུ་མནར་ནའང་ཉིན་རེའི་ཞོགས་པར་སྔར་བཞིན་གཞུང་ལས་ཁང་དུ་དུས་ལྟར་བསླེབས་པ་ཡིན། ཁོང་གི་གཞུང་ལས་ཁང་དུ་ལྭ་རིང་འགེལ་སའི་ལྭ་སྒྲོམ་གཉིས་ཤིག་ཡོད་པ་དེ་ལའང་གཙང་མར་བཟོ་བའི་དུས་ཚོད་མེད་པས་ཧ་ཅང་གྲལ་དག་པོ་མ་ཡིན་པར་ཡོད་པ་རེད་དོ། །
སློབ་གླིང་དེའི་སློབ་དཔོན་ག་གེ་མོས་སློབ་བུ་རྣམས་ལ་བཤད་རྒྱུར། ཁྱེད་རྣམས་ཀྱིས་བདག་གི་སློབ་ཐུན་བསླབ་པར་བྱ་བསམ་ཚེ་ཉིན་རེར་གཉིད་ཉལ་བའི་དུས་ཚོད་གཉིས་ལས་མེད། སློབ་བུ་རྣམས་ཀྱི་བསམ་པར།དེ་ལྟར་ན་བདག་གིས་ཉིན་རེར་སློབ་ཐུན་བཞི་སློབ་ཚེ་གཉིད་ཀྱི་དུས་ཚོད་ཀྱང་མེད་འགྲོ་བ་དེའོ། །
སློབ་གླིང་འདིའི་འབུམ་རམས་སློབ་མ་དག་གིས་ཉིན་གསུམ་ནང་དེབ་རེ་བཀླག་དགོས་པ་དེ་དང་།དེབ་རེར་ཤོག་ལྷེ་བརྒྱ་ཕྲག་འགའ་རེ་ཡོད་པ་དེ་དང་།ད་དུང་དཔེ་དེབ་བཀླག་ཐོ་ཡར་ལ་འབུལ་དགོས་པ་དེའོ། །
ཧ་ཧྥུ་སློབ་ཆེན་གྱི་སློབ་བུ་དང་དགེ་རྒན་ཆེན་མོ་རྣམས་ནི་གཟི་བརྗིད་ཅིག་མིན་ཏེ།བདེན་དཔང་རིགས་ཤིག་ཡིན་པས་སོ། །
མི་རྣམས་ལ་བསམ་བློའི་སྟོབས་ཤུགས་འདི་འདྲ་བ་དངོས་གནས་ཇི་ལྟར་བྱུང་བ་ཡིན་ནམ། མི་རྣམས་ཀྱིས་རང་ཉིད་ཀྱི་བག་ལ་ཉལ་བའི་ནུས་པ་ཇི་ལྟར་སྔོག་འདོན་བྱ་དགོས་སམ། འདི་དག་ནི་སློབ་གླིང་འདིས་ཁྱེད་ལ་བཤད་ངེས་ཡིན། ཧ་ཧྥུ་སློབ་ཆེན་ནི་མཚོན་རྟགས་རིགས་ཤིག་སྟེ། ཆེས་བླ་ན་མེད་པའི་ཤེས་རབ་ཀྱི་མཚོན་རྟགས་ཡིན་པ་དེ་དང་། ཆེས་བླ་ན་མཐོ་བའི་གཙུག་ལག་སློབ་གླིང་གི་མཚོན་རྟགས་ཡིན་པ་དེའོ། །

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s