རྡོ་ལུང་ནག་པོ།

གཟུངས་ཕྱུག་སྐྱིད།

སྨུག་སྤྲིན་འདྲེས་མས་འཁྱུད་པའི་རྐང་ལམ་ནས།།
གར་འགྲོའི་གདེང་ཚོད་རང་ལ་མི་དབང་ཞིང་།།
བདེན་པའི་གླུ་ཆུང་ནམ་ཡང་མི་ཐོས་པས།།
མུན་ནག་ཟས་སུ་འགམས་པའི་བྱུང་བ་ཉིད།།

ཤར་ནུབ་མི་ཚོགས་འདུས་པའི་གཞི་མདོ་ནས།།
མི་ཡི་ཚུལ་འཆོས་སྨྲ་ལྕེ་ལྷག་མ་ཅན།།
མཐོན་པོའི་རྒྱལ་མཁར་བཤིག་པའི་སྟ་རེ་སྟེ།།
སྒྱུ་འཕྲུལ་ཟློས་གར་ནང་གི་བསྡུས་གཟུགས་ཤིག།

ཁྲག་རྒྱུན་གཙང་མ་གཞན་ལ་བགོ་བྱ་རྒྱག།
རང་སྐད་དྭངས་མོ་ཕྱོགས་ཀྱི་རླུང་ལ་བསྐུར།།
སྒེར་ཇུས་སློང་ཁུག་ནང་གི་འཛུམ་མདངས་འདི།།
ཉི་ནུབ་དམར་པོར་བཞག་པའི་སྐྱོ་སྣང་བཞིན།།

གངས་ཅན་ལུགས་གཉིས་ཉི་ཟླ་སྤྲིན་གྱིས་བསྒྲིབས།།
གཞན་སྨོན་ནང་སྟོང་སྙེ་མ་གྱེན་དུ་གཟེངས།།
ངན་པ་བཟང་བོར་བཀུར་བའི་འཚོ་གནས་འདི།།
ཤིན་ཏུ་འཇིགས་རུང་ས་སྲོད་ནག་པོ་ཞིག།

ཕྱོགས་སུ་འཁྱར་ནས་བདེན་ལུགས་འཚོལ་བ་ནི།།
འཇིག་རྟེན་མེས་པོ་སྟོང་གི་ཕྱག་ལེན་ཡིན།།
ཡིན་ཡང་རང་མགོ་བཙོང་བའི་འཕྲུལ་སྣང་གིས།།
རྒྱལ་འཇིགས་ཉེས་པ་སྟོང་གི་སྐྱོ་གར་མཐོང་།།

སྟོན་གྱི་ཆར་ཞོད་གནམ་གྱི་མིག་ཆུ་བཞིན།།
སྨུག་པའི་དེངས་འཐིབས་འབངས་ཀྱི་འཆར་སྒོ་བཞིན།།
རྡ་སའི་རི་ཁུག་འདི་ཡི་གཏམ་རྒྱུད་ལ།།
ས་སྒང་མཚར་བའི་ལྟད་མོ་སུ་ཡིས་བསྐྲུན།།

རིན་འབབ་བྱུང་ན་རང་གི་ཤ་ཡང་བཙོང་།།
ཁེ་ཕན་ཆེད་དུ་གསོན་པོའི་མིག་ཡང་བོར།།
བཀུར་བཟོའི་ཚུལ་དུ་སྙན་མོ་མིང་གིས་འབོད།།
ཞིབ་ཏུ་བསམ་ན་ལྟད་མོ་དེ་ལས་མང་།།

བདེན་ལུགས་གསུབ་ནས་ས་རྡོ་གསེར་དུ་འཁྲུལ།།
འབག་གི་མིའུ་ཐུང་སྤྲེའུ་གར་ལ་བྱང་།།
གཞན་བཅོལ་སྙིང་རྗེ་ཟེར་བའི་འཕྲུལ་འཁོར་འདིས།།
རང་སྲོག་རང་གིས་འཐག་དུས་སུ་ཡིས་སྐྱོབས།།

དེང་གི་འཁྲུག་ཟིང་ནག་པོའི་གཞི་མདོ་ན།།
གནའ་བོའི་ཀི་སྒྲས་དཀྲོགས་པའི་གདོང་དམར་པ།།
ལོ་རྒྱུས་ཁྲག་གིས་བབས་པའི་ཤུལ་ལམ་འདི།།
ད་དུང་མ་རྫོགས་ས་ཆེན་གང་དུ་འཐེན།།

བརྩེ་སེམས་ཁྲག་གིས་སྦྲེལ་བའི་རིགས་མཐུན་ལ།།
མ་བཅོས་སྙིང་གི་དུངས་པ་སུ་ཡིས་བརླག།
འཁོར་ཚོགས་ཁྲི་འཕང་དབུས་ན་འགྱིང་ཉམས་ཅན།།
འབངས་ཀྱི་ངོ་གདོང་སྐྱ་བོ་མ་མཐོང་ངམ།།

ས་ཆེན་སྡུག་གིས་འཚོས་པའི་གྲུ་ཟུར་ནས།།
མཐོན་པོ་ཟེར་བའི་ངོ་སོ་སུ་ལ་སྟེར།།
བཟའ་བཏུང་གཅིག་ལ་དམིགས་པའི་ཉི་ནུབ་འདི།།
ཡག་རྩོག་མེད་པའི་འཚོ་བའི་ཟློས་སྒྲུང་ཞིག།

༢༠༡༢ལོའི་ཟླ་༨པའི་ཚེས་༣ཉིན་བྲིས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s