འབའ་སྲས།
ཨེ་མ་སྔོན་མེད་ས་འཛིན་རྩེར།།
རིག་པའི་རྐང་བ་བཀོད་བྱས་ཏེ།།
ངག་རིག་སྨྲ་བའི་སོར་མོ་ཡིས།།
འཇའ་ཚོན་འཛིན་པའི་ལྟད་མོར་མཐོང་།།
དོན་གྱི་ལྗོན་ཤིང་མཛེས་བྱེད་པའི།།
ཚིག་གི་ལོ་མ་ལྷམ་མེར་བཀྲ།།
འདབ་ལོ་གྱོན་པའི་ལྗོན་ཤིང་ཡང་།།
ས་དང་རི་ཡི་རྒྱན་དུ་ལངས།།
ཚོར་འདུ་ཕྲ་མོའི་ཟེགས་མ་རེ།།
ཆེམ་ཆེམ་འོད་དང་ལྷན་ཅིག་བསྡོངས།།
མུན་པའི་ལྭ་བ་སྲེག་བྱེད་པའི།།
ཚིག་དོན་མེ་རུ་འབར་བ་མཐོང་།།
རྟོག་འགྱུ་ཆུ་ཡིས་འཁུར་བ་ཡི།།
ཝུ་འཕྲེང་འཛིན་པའི་མེ་ཏོག་འདབ།།
མཚོ་ཡི་མཐའ་ཡང་མཛེས་བྱེད་པའི།།
རྒྱན་གྱི་ཕྲེང་བ་གཅིག་ཏུ་འབྲེལ།།
འདི་ལྟའི་འཚོ་བའི་རོ་མཆོག་གང་།།
ངག་རིག་སྨྲ་བའི་ལྗགས་རྩེ་རུ།།
ནམ་ཡང་གློག་གི་རྩེད་དགའ་བཞིན།།
འཇགས་མེད་འཁྱུག་པའི་དགའ་སྟོན་འཕེལ།།
དེ་ལྟ་མོད་ཀྱང་ཁ་ཡི་མཚོར།།
རླབས་ཀྱི་སོ་ཕྲེང་གཡོ་ཙམ་ལས།།
སེམས་གཏིང་རིག་པའི་རིན་ཆེན་ནོར།།
ལེན་པར་དཀའ་བ་འགའ་ཡང་མཐོང་།།
དབྱིག་ལྡན་ས་གཏིང་བཅུག་པའི་ནོར།།
འོད་དང་འགྲོགས་ཚེ་བཞུས་དོགས་ནས།།
སེར་སྣའི་སོར་མོ་ལས་སྲུང་གིས།།
ལག་མཐིལ་ས་འོག་སྦས་པ་འདྲ།།
ལག་མཐིལ་རི་མོ་ཞགས་ཐག་བརྒྱ།།
མདུད་པ་གཅིག་ལ་སྒྲིལ་བ་ལྟར།།
རིག་པའི་ལག་མཐིལ་ས་འཛིན་ལ།།
རི་བོ་འཕྲེང་བ་གཅིག་ཏུ་བཀོད།།
གང་ལྟར་ངག་རིག་སྙན་པའི་བྱ།།
ཚོར་བའི་ནགས་ཀྱི་ལྡིང་ཁང་དུ།།
རྣམ་དཔྱོད་གཤོག་པས་འཕུར་ལྡིང་གིས།།
ནགས་ཀྱི་ལྷ་ཡང་ལྐུགས་པར་བྱས།།
སྙན་ངག་ཕ་ཁྱིམ་སྙན་གྲགས་ཀྱིས།།
མ་ཧཱ་བྷ་ར་ཏ་ལ་སོགས།།
ས་གཞི་ལག་པས་རྡུང་མཁན་གྱི།།
མཚོན་ཆ་རྣོན་པོའི་རྩེ་མོ་གཏུབས།།
འོན་ཀྱང་གནའ་བོའི་རྡོ་རིང་ལ།།
བརྐོས་པའི་སྙན་གྲགས་ད་གཟོད་ནི།།
སྤྲིན་པའི་རྒྱབ་ཀྱི་ཟླ་བ་བཞིན།།
མཐོང་ལ་མི་མཐོང་ཚད་དུ་ལྷུང་།།
སྙིང་རྩར་ཁྲག་གི་བཞུར་ལམ་དང་།།
རུས་པར་ལ་རྒྱའི་རྐང་ལྡན་ན།།
ལེ་ལོས་སྡོད་པ་མི་རིག་སྟེ།།
གནའ་བོའི་རྡོ་རིང་འཚོལ་དུ་འགྲོ །
སྙན་ངག་ཕ་ཁྱིམ་སྙན་གྲགས་ནི།།
དབྱངས་ཅན་ཐོས་འཛིན་བུ་ག་རུ།།
ཕྱག་གི་རྒྱུད་མངས་བཞིན་དུ་ནི།།
ཐོས་ཞེས་ངག་གི་ལྷ་དེས་གསུངས།།
དེ་བས་བློ་གྲོས་ཡངས་པའི་མཁར།།
རྣམ་དཔྱོད་གློག་གི་གར་བསྒྱུར་ཏེ།།
ཚོར་བའི་ཆུ་འཛིན་དུད་པའི་ཀློང་།།
སྙན་ངག་སྦྲང་ཆར་ས་ལ་བྱོ།།
༡༥/༠༨/༠༢ ཉིན་རྒྱབ་ཏུ།
ངེད་དྲ་ཚིགས།