༄༅། །ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༡༤ ཉིན་བཞུགས་སྒར་དྷ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐེངས་དང་པོའི་སྐབས་སྩལ་བའི་བཀའ་སློབ།
ཀ༽ ཤེས་འཇོན་ལྷག་གསུམ་དང་། འགྱུར་མེད་ཀྱི་སྙིང་སྟོབས།
དེ་རིང་ཁ་སང་གི་དྲི་བའི་མཇུག་བསྐྱལ་ན་བསམ་པ་བྱུང་ཡང་། དུས་ཚོད་མི་འདུག་པས་མི་དགོས་པ་བྱ་རྒྱུ་ཡིན། ཉིན་ཤས་ཀྱི་རིང་ལ་ཁྱེད་རང་ཚོ་ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་བསམ་བློ་བཏང་། གོ་བསྡུར་བྱས། སྐད་ཆ་བཤད། རྩོད་པ་བརྒྱབ། རྒྱུ་མཚན་བཀོད། ཚང་མས་དམིགས་ཡུལ་ངེས་ཅན་ཞིག་བཟུང་བ་དེ་བསྒྲུབ་པའི་ཆེད་དུ་གང་དགའ་ཅི་ལེགས་དང་། རང་ཉིད་ཀྱི་སེམས་ལ་འཆར་སྒོ་གང་ཡོད་ཤོད་རེས་བྱས་ནས་དེ་རིང་ཚོགས་འདུ་ཟིན་ཏེ་བཀྲ་ཤིས་ལོ་ལེགས་བྱུང་བར། ངས་ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཞན་དག་ངོས་ལ་ཞུ་རྒྱུ་མི་འདུག ཁྱེད་རང་ཚོ་འདིར་རྩ་བའི་ཚོགས་འདུའི་སྒྲིག་འཛུགས་བྱེད་མཁན་ཚོ་ཡིན་ཡང་རུང་། ཕྱོགས་མཐའ་ནས་ཡོང་མཁན་ཚོ་ཡིན་ཡང་རུང་། ཚང་མས་སེམས་ཤུགས་ཆེན་པོ་འཁྱེར་ཏེ་འདིར་འཛོམས་ཤིང་། ཉིན་ཤས་དེའི་རིང་མཐུན་རྐྱེན་མ་འཛོམས་པ་དང་། གང་ཅིའི་དཀའ་ངལ་ལ་མ་ལྟོས་པར་སེམས་ཤུགས་ཀྱི་ཐོག་ནས་ཚོགས་འདུ་འཚོགས་པ་དེ་ཡག་པོ་རེད། སེམས་ཤུགས་དང་ལྷག་བསམ་དེ་དག་གལ་གནད་ཆེན་པོ་རེད། ཤེས་བྱ་ཡོན་ཏན་ཟེར་བ་དེ་ལག་ཆ་ལྟ་བུ་ཞིག་ཡིན། ལག་ཆ་དེ་བེད་སྤྱོད་ཇི་ཙམ་ཡོད་པ་དེ་ཙམ་གྱིས་ཕུན་སུམ་ཚོགས་པ་ཞིག་ཡོང་གི་རེད། ལྷག་བསམ་མེད་ན་ཤེས་བྱ་ཡོན་ཏན་ཕྱུག་པོ་ཡོད་ཀྱང་དེ་ཙམ་གྱིས་ནུས་པ་འཇོག་མི་ཐུབ། ད་ལྟ་ཁྱེད་རང་ཚོ་ཚང་མར་སེམས་ཤུགས་ཡོད་པ་དེ་ཡག་པོ་རེད། ད་དུང་ཡང་སེམས་ཤུགས་མ་ཆགས་པ་བྱས་ཏེ་གོང་མཐོར་སྤེལ་རྒྱུ་གལ་ཆེན་པོ་རེད། མ་གཞི་མིའི་བསམ་པ་ཟེར་བ་དེ་འགྱུར་སླ་པོ་དང་། བརྟན་པོ་མེད་པ། རང་བཞིན་གྱིས་འགྱུར་བ་འགྲོ་བ་ཞིག་ཡིན་པ་ཁ་སང་ཞུས་པ་ལྟར་རེད། ལྷག་པར་ཉམས་མྱོང་མང་པོ་མ་བསགས། དཀའ་ངལ་མང་པོ་འཕྲད་མ་མྱོང་མཁན། སྤྱིར་བཏང་བྱས་ན་གཞོན་ནུ་ཚོའི་སེམས་ཤུགས་དེ་དཀའ་ངལ་ཆེན་པོའི་རྐྱེན་དང་འཕྲད་སྐབས་འགྱུར་བ་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད། དེར་བརྟེན་ད་ལྟ་ཁྱེད་རང་ཚོར་སེམས་ཤུགས་དང་། ལྷག་བསམ། སྙིང་སྟོབས་ཡོད་པ་དེ་དག་དཀའ་ངལ་གང་འདྲ་ཞིག་དང་འཕྲད་པའམ། གནས་ཚུལ་ཐབས་སྡུག་པོ་གང་འདྲ་ཞིག་བྱུང་རུང་འགྱུར་བ་མེད་པ་སེམས་ཤུགས་རི་བཙུགས་པ་བཞིན་དགོས་པ་དེ་གལ་ཆེན་པོ་ཡིན། འགྱུར་བ་མེད་པ་ཡོང་བ་ལ་གང་ཞིག་བྱེད་དགོས་སམ་ཞེ་ན། ང་ཚོས་དང་པོ་ནས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཞིང་། དེ་བསྒྲུབ་རྒྱུའི་སེམས་ཐག་བཅད་ནས། ལྷག་བསམ་བསྐྱེད་པའི་སྐབས་དེར་ལས་སླ་པོ་མེད་པ་ཞིག་དང་། དཀའ་ངལ་མང་པོ་ཡོད་པ་ཞིག་བསམ་བློའི་ནང་གྲ་སྒྲིག་བྱས་ན། ཕྱིན་ཆད་ལས་ཀ་དེ་སྒྲུབ་པའི་སྐབས་ལ་དཀའ་ངལ་ཞིག་དང་འཕྲད་པ་དང་། རྙོག་དྲ་ཚ་པོ་གང་ཞིག་བྱུང་ན་ཡང་། ཐོག་མ་ནས་རང་ཉིད་ཀྱི་བསམ་བློའི་ནང་བགྲོད་ལམ་བདེ་པོ་ཞིག་དང་། དུས་ཚོད་ཐུང་ཐུང་ཞིག་ལ་སླེབས་ཀྱི་ཡོད་བསམ་པ་མེད་པར་སྙིང་སྟོབས་བསྐྱེད་ནས་དུས་ཡུན་རིང་པོ་ཞིག་གི་ཐོག་ཏུ་ལས་ཀ་མ་བྱས་ན་འགྲིགས་ཐབས་མེད་བསམ་པ་བསམ་བློའི་ནང་ཡོད་པའི་དབང་གིས་དཀའ་ངལ་འཕྲད་པའི་སྐབས་ལ་སེམས་འགྱུར་བ་མི་འགྲོ་བ་དང་། སེམས་ཤུགས་ཆག་གི་མ་རེད། ད་ལྟ་ཞུས་པ་ལྟར། རྩ་བ་ང་རང་ཚོའི་ལྷག་བསམ་རི་བཙུགས་པ་ལྟ་བུ་ཞིག་དགོས་ཤིང་། ཚང་མས་མཁྱེན་གསལ་ལྟར། ང་རང་ཚོའི་རྩ་བའི་འཐབ་རྩོད་བྱ་རྒྱུའི་དམིགས་ཡུལ་ནི་ཧ་ཅང་ཆེན་པོ་ཞིག་དང་། དྲང་བདེན་ཞིག འབད་བརྩོན་བྱེད་འོས་པ་ཞིག་རེད། དེ་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱི་ཡོད་མེད་ང་ཚོས་ཤེས་ཀྱི་མེད་པར་བརྟེན་རེ་བ་རྒྱག་ས་དེ་ཡག་ཤོས་ཤིག་དང་། བཟང་ཤོས་ཤིག་ལ་རེ་བ་རྒྱག་དགོས་པ་རེད། འོན་ཀྱང་ང་ཚོས་གྲ་སྒྲིག་བྱེད་རྒྱུ་དེ་སྡུག་ཤོས་ཤིག་ལ་གྲ་སྒྲིག་བྱས་ན་སྡུག་པ་དེ་མ་བྱུང་ན་ཨང་དང་པོ་དེ། གལ་སྲིད་བྱུང་ཡང་བསམ་བློའི་ནང་གྲ་སྒྲིག་ཡོད་སྟབས། ང་ཚོས་ལས་སླ་པོར་འགྲུབ་ཀྱི་རེད་སྙམ་ནས་ལས་སླ་བཅོས་བདེ་བྱེད་པའི་དབང་དུ་མ་སོང་བར། ང་ཚོས་དཀའ་ལས་རྒྱག་གི་ཡིན་བསམ་པའི་ཐོག་ནས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། དེ་གནས་ཚུལ་གཅིག་ཡིན། དེ་ནས་ལྷག་བསམ་བཟང་པོ་ཡོད་པ་དེ་ལག་ལེན་དུ་འགེལ་རྒྱུ་གལ་ཆེན་པོ་རེད། ད་རེས་ང་ཚོ་འདིར་འཚོགས་པ་དང་། མི་མང་པོ་ཕན་ཚུན་ངོ་ཤེས་ཤིང་། སྐད་ཆ་བཤད། གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་བྱས་པའི་གྲུབ་འབྲས་དངོས་གཞི་ཐོན་དང་མ་ཐོན་ཟེར་བ་དེ་ང་ཚོས་དུས་ཚོད་གཅིག་བསྲིངས་ན་མ་གཏོགས་ཤེས་མི་ཐུབ། དེ་ཡང་ལོ་དང་ཟླ་བ་སྦྲེལ་བ་དང་། ལོ་གཅིག་གཉིས་ཙམ་མིན་པར་ལོ་བཅུ་དང་། བཅོ་ལྔ་ཉི་ཤུ་བར་སྦྲེལ་ནས་ཡུན་བསྲིངས་ན་རིམ་པས་གྲུབ་འབྲས་ཐོན་ཐུབ་པ་ཞིག་ཡོང་ངེས་རེད། ད་ལྟ་བསམ་བློའི་ནང་གོ་རིམ་ཞིག་བསྒྲིགས་པ་ལྟར་ལག་ལེན་དུ་འཁེལ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཁ་ནས་ཤོད་སྐབས་ལས་སླ་པོ་རེད་ཅེས་མང་པོ་ཞིག་བཤད། ལག་ལེན་བསྟར་སྐབས་སྙུགས་བསྲིངས་མ་ཐུབ་པར་མཇུག་སྡུམ་ཆག་པའི་ལས་ཀ་མང་པོ་ཡོང་གི་འདུག་པ་དེ་འདྲར་མ་སོང་བར། ལྷག་བསམ་དེ་ལག་ལེན་ཐོག་བསྒྲུབ་ཐུབ་ཀྱི་རེད་ལ། ངེས་པར་དུ་སྒྲུབ་དགོས་ཀྱི་རེད། མདོ་དོན་ཚིག་གཉིས་ཞུ་རྒྱུར། ལྷག་བསམ་ཟེར་བ་དེ་གལ་ཆེན་པོ་ཞིག་ཡིན་པ། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་བཞིན་འགྱུར་བ་མེད་པའི་ཐོག་ལ་མདུན་ནས་མདུན་དུ་འགྲོ་ཐུབ་པ་ཞིག་དགོས་པ་དང་། ལྷག་བསམ་བཟང་བ་གཅིག་པུས་ཀྱང་མི་འགྲིགས་པར། ལྷག་བསམ་བཟང་པོ་དེ་སྦྱོར་བ་ལག་ལེན་དུ་བསྟར་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་རང་གི་ལྷག་བསམ་བཟང་པོ་དེ་སྟོན་ཐུབ་པ་ཞིག་དང་། གྲུབ་འབྲས་སྨིན་ཐུབ་པ་ཞིག་དགོས་པ་བཅས་དོན་དག་དེ་གཉིས་ཚང་མའི་སེམས་སུ་ངེས་པ་བྱེད་དགོས།
ཁ༽ མང་ཚོགས་ཀྱི་ཞབས་ཞུ་དང་། གཅིག་རྒྱབ་གཉིས་སྣོན།
ཁ་སང་ནས་ད་ལྟའི་བར་གཞོན་ནུ་རྣམས་འཚོགས་ནས་ང་ཚོས་གང་ཞིག་བྱེད་དགོས་སམ་ཞེ་ན། རྒྱ་ཆེའི་མི་མང་གི་ཞབས་འདེགས་ཞུ་དགོས་ལ། རྒྱ་ཆེའི་མི་མང་གི་ཞབས་འདེགས་ཞུ་བ་ལ་རྒྱ་ཆེའི་མི་མང་དང་འདྲེས་ནས། རྒྱ་ཆེའི་མི་མང་གི་དཀའ་སྡུག་དེ་རང་གི་མཉམ་དུ་མྱོང་བའི་ཐོག་ནས་འགོ་འཁྲིད་ཐུབ་པ་ཞིག་དགོས་པ་ལས། འགོ་ཁྲིད་མཁན་དེ་མང་ཚོགས་དང་ཁ་བྲལ་ན་ཡོང་ཐབས་མེད། འགོ་འཁྲིད་པ་དེ་དང་འགོ་འཁྲིད་ཡུལ་གཉིས་མཉམ་དུ་འདྲེས་ཐུབ་པ་ཞིག་ངེས་པར་དུ་དགོས། འགོ་འཁྲིད་མཁན་དེའི་བསམ་བློ་སྔོན་དུ་སླེབས་པ་དང་ཆབས་ཅིག་མཉམ་དུ་འདྲེས་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོང་གི་རེད། འགོ་འཁྲིད་ཐུབ་པ་དང་། རྒྱ་ཆེའི་མི་མང་གི་ཞབས་འདེགས་ཞུ་ཐུབ་ངེས་རེད། སྔོན་མ་ངོས་རང་རྒྱ་ནག་ཏུ་ཕྱིན་སྐབས་པེ་ཅིང་ནས་སང་ཞོགས་ཐོན་རྒྱུའི་དེ་རིང་དེར་མའོ་ཙེ་ཏུང་དང་མཇལ་ནས་བཀའ་མོལ་ལྷོད་ལྷོད་བྱུང་། ཉིན་དེར་མའོ་ཙེ་ཏུང་ནས་བསླབ་བྱ་དེ་བསྐྱོན་བྱུང་། དེ་དངོས་གནས་བསླབ་བྱ་རེད་བསམ་པ་དྲན་བྱུང་། དེ་མའོ་ཙེ་ཏུང་གི་གདམས་ངག་རེད། ད་རེས་ཁྱེད་རང་ཚོ་དང་། གྲ་སྒྲིག་བྱེད་མཁན་ཚོ། མདོར་ན་མ་བྱན་ཚུན་ཆད་ཚང་མས་ཧུར་ཐག་བྱས་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡོད། དེ་བཞིན་ཕྱོགས་མཐའ་ཁག་ནས་ཡོང་མཁན། དཔེར་ན། མའེ་སོར་དང་། ཀ་རྡོར་ཁུལ་ནས་ཡོང་མཁན་རྣམས་ལ་ཆ་བཞག་ན ལས་སླ་སྟབས་བདེའི་ཐོག་ནས་ཡོང་ཐུབ་ཐབས་མེད་པར་འགྲིམ་འགྲུལ་སོགས་གང་ཅིའི་ཐོག་ནས་དཀའ་ངལ་མང་པོ་ཡོད་ཀྱང་། ད་རེས་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཏེ་སྤྲོ་ཤུགས་ཆེན་པོའི་ཐོག་ནས་ཡོང་བར་བརྟེན། ཕྱོགས་མཐའ་ནས་ཕེབས་མཁན་ཚོར་ཡང་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ད་རེས་འདིར་ཉིན་ཤས་རིང་འཚོགས། གོ་བསྡུར་བྱས་ནས་བསམ་བློའི་ནང་གོ་རིམ་སྒྲིག་པ་དེར་དགའ་པོ་བྱུང་། ད་དུང་ཁྱེད་རང་ཚོ་ཕྱིར་ལོག་ཕྱིན་ནས་འདིར་ཡོང་མ་ཐུབ་པའི་གཞོན་ནུ་མང་པོ་ཞིག་ཡོད་པ་དེ་དག་ལ་ད་རེས་འདིར་བསམ་ཚུལ་གང་ཞིག་བྱུང་བ་དང་། བསམ་བློའི་གོ་རིམ་གང་ཞིག་བསྒྲིགས་པ་དེ་དག་ཚང་མ་འགྲེལ་བཤད་བྱེད་དགོས་ཨེ་ཡོད། ཡང་ན་ཁྱེད་རང་ཚོས་ས་གནས་སོ་སོར་གོ་བསྡུར་བྱེད་དགོས་ཨེ་ཡོད། མདོར་ན་འདིར་དངོས་སུ་འབྱོར་མཁན་གྱི་གཞོན་ནུ་གཞན་དག་ཚོར་ཡང་ཁྱེད་རང་ཚོ་བརྒྱུད་ནས་ངས་འཚམས་འདྲི་བྱེད་རྒྱུ་དང་། གཞོན་ནུ་ཚང་མར་སེམས་ཤུགས་ཆེ་བསྐྱེད་ཀྱི་ཐོག་ནས་ང་རང་ཚོའི་དམིགས་ཡུལ་བཟང་པོ་དང་། དྲང་བདེན། རྒྱུ་མཚན་ལྡན་པ་ཞིག་ཡོད་པ་འདི་བསྒྲུབ་རྒྱུར་ཚང་མས་རང་རང་གི་ནུས་ཤུགས་ཕྱར་བ་གྲུ་འདེགས་དང་། སྒོ་གསུམ་ཡོད་རྒུ་རྩལ་སྤྲུག་གིས་ཐབས་ཤེས་གང་ཞིག་བྱེད་དགོས་ཀྱང་ཚང་མས་མ་བྱས་དོགས་མེད་ལ། ངེས་པར་བྱེད་རོགས་ཞེས་ངས་རེ་འདུན་བྱེད་ཀྱི་ཡོད། དེ་རྣམས་ཁྱེད་རང་ཚོ་ཚང་མས་ཕན་ཚུན་ལ་བརྗོད་རོགས་གྱིས། ང་རང་ཚོ་སྤྱི་པའི་ལས་དོན་འདི་ཚང་མས་ཤུགས་བརྒྱབ་ནས་བསྒྲུབ་ཐུབ་པ་ཞིག་བྱེད་དགོས་པ་ལས། དེ་མིན་ཡོང་ཐུབ་ཐབས་མེད། དེར་བརྟེན་འདིར་ཡོང་ཐུབ་མིན་ལ་མ་ལྟོས་པར་རིས་སུ་མ་ཆད་པ་ཚང་མས་སྙིང་སྟོབས་གོང་མཐོར་སྤེལ་ནས་ང་ཚོའི་མདུན་ལམ་བཟང་པོ་འདིའི་ཐོག་འགྲོ་རྒྱུར་འགོ་འཁྲིད་མཁན་ཚོ་ཡིན་ན་ཡང་མདུན་ནས་མདུན་དུ་བསྐྱོད་ངེས་ཡིན་པ་ལས་རྒྱབ་ཤིག་རྒྱག་གི་མ་རེད་ལ། གཞོན་ནུ་རྣམས་ནས་ཀྱང་དེ་བཞིན་གཅིག་རྒྱབ་གཉིས་སྣོན་གྱིས་མདུན་ནས་མདུན་དུ་བསྐྱོད་ཐུབ་པ་ཞིག་དགོས་པ་དེ་ཚང་མའི་སེམས་ལ་བཅངས་དགོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།
ཡོང་ཁུངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་བ།