ཝེ། ཁྱེད་ཀྱི་ངང་གཤིས།

སྨྱུག་མདའ།

ཆོས་སྐད་མཐོ་བའི་ཡུལ་དངོས་ནས།།
སྙིང་ལ་མེ་ཏོག་མ་བཙུགས་གོང་།།
ང་ཡིས་ངལ་བ་ལན་རེར་བྲིས།།
དགོད་སྒྲ་བཞུར་བའི་མགུར་ཞིག་སྐུར།།

བགྲང་བྱ་དཔག་ཚད་ཕར་ལ་ཕྱིན།།
དབྱངས་ཀྱི་ཁྲོད་དུ་ཡི་གེ་བཞག།
རྨི་ལམ་འབྲི་བཞིན་མཚན་མོ་རུམ།།
ཐག་རིང་རི་བོའི་འཕགས་མ་ལགས།།

དྲན་པས་ནམ་མཁའ་ཡར་ཡར་བལྟས།།
འཁོར་བའི་སྒྲ་དབྱངས་རྣ་བུར་སིམས།།
སེམས་ཀྱི་གསེར་ཐག་ག་ལེར་མདུད།།
ཡིད་ཀྱི་ཤེལ་སྒོ་སྟོན་ལགས་སམ།།

གཤིས་འཇམ་རིག་པ་བློ་ལ་འཐད།།
མི་འཕྲད་ལས་ཀྱི་ཡིག་ཆུང་མ།།
སྲིད་པ་ངག་ཏུ་བརླབས་པ་འདི།།
དྲོད་ཤ་སེན་མོས་རེག་པར་གྱིས།།

དེ་རིང་སྐོམ་ལ་སྙན་ངག་བཞེངས།།
ཁྱོད་ཉིད་མཚོ་བྱུང་ལྷ་མོར་འཁྲུལ།།
སྐྲ་ལོ་ནུ་མའི་གཞུང་དུ་ཤམ།།
ཞལ་རས་འོད་ཀྱི་མཐའ་ན་འཛུམ།།

ཡི་གེ་བར་ནས་ཕན་ཚུན་ཤར།།
ཚོར་བ་འཁྱུད་པའི་ལྷོད་ཅིག་རྙེད།།
ཡངས་ཤིང་འཚོ་བའི་ཞོགས་པ་ལ།།
སྣང་བའི་རི་མོར་ཡི་གེར་བླངས།།

༢༠༡༥/༨/༡༣ མཚན་མོར།


སྒྱུ་མའི་ཞལ་ཐང་།

བརླན་པའི་རི་མོ་ལྡག་བྱས་ན།།
དྲན་པའི་ངོས་ལ་མེ་ཏོག་གད།།
དར་གྱི་གཤོག་པ་རྒྱང་ལ་བརྐྱངས།།
རྨི་ལམ་ལས་བྱར་མདངས་མཛེས་མ།།
འོད་ཀྱིས་བྱུགས་པ་རྫུན་མ་ཡིན།།

ཉི་མ་སྤྲོ་བས་རིང་སར་འཛུམ།།
བརྩེ་བ་བརྩེ་བའི་དབྱངས་རིག་ལ།།
དུངས་པ་རྒྱ་མཚོའི་གཏིང་ལ་ཟུག།
དེ་ཚེ་འཁོར་བའི་ཆོས་ཉིད་ཅིག།
ཀྱེ་མ་ཞོགས་པའི་མཁའ་རུ་འཁྱིལ།།

རྩྭ་ལྗང་འགུལ་བའི་ཆུ་ཐིགས་རེར།།
ཡིག་འབྲུ་དང་པོས་ག་ལེར་བཅུས།།
ཚུར་ལ་བལྟས་པས་སྙིང་ལ་སིམ།།
ཁྱོད་ཅེས་འབོད་པར་ཚ་བེར་བྱས།།
གབ་སྦས་རྟོག་འགྱུའི་འདྲ་འབག་བཟོས།།

སྐྲ་ལོ་ཤམ་ལ་འཁྲུལ་པའི་ཚེ།།
ཚོར་བའི་གཏིང་ལ་ཚིག་རྐང་བསྣན།།
མཆུ་སྒྲོས་ཉམས་ཤ་ཟིལ་བས་བརླན།།
དེ་རིང་སྣང་བ་རླབས་བཞིན་འཕྱོ།།
སྙན་ངག་དྲིན་པོས་སྒེག་འགྲོས་བླངས།།

༢༠༡༥.༨.༡༡ ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading