འབྲོག་མྱི།

       དཔལ་འབྱོར་དར་རྒྱས་ཆེ་བའི་སྐབས་སྲིད་དབང་བཟུང་བའི་སྲིད་ཚོང་བ་ཚོས་རྟག་པར་རང་ཉིད་ཀྱི་ནུས་པར་འཕྲུལ་སྣང་སྐྱེས་ཡོད། འཕྲུལ་སྣང་དེའི་རིགས་ཨ་རིའི་ནང་དུའང་མཐོང་རྒྱུ་ཡོད། དཔེར་ན། ཇཱབ བྷི་ཞི་ལ་འཕྲུལ་སྣང་སྐྱེས་ནས་རང་ཉིད་ནི་དཔལ་འབྱོར་གྱི་གསང་སྒོ་ཤེས་མཁན་ཞིག་ ཡིན་པར་འདོད་ཡོད། དེ་ནི་ཁོང་ཨ་རིའི་ཧྥི་ལོ་རེ་ཌ་མངའ་སྡེའི་སྲིད་སྐྱོང་ཡིན་དུས་མངའ་སྡེ་དེར་ཁང་ས་སྦུ་སོབ་ཀྱི་ཆག་སྒོ་ཚབས་ཆེན་ཞིག་ལ་ཐུག་པ་དང་། སྟབས་ཡག་ནས་ཁང་སའི་སྦུ་སོབ་མ་རལ་གོང་ཁོང་སྲིད་སྐྱོང་གི་དུས་ཡུན་ལོན་ནས་ཕྱིན་པ་རེད། རྒྱལ་ཁབ་མང་པོ་ཞིག་ཏུ་གནས་སྟངས་དེ་མཐོང་རྒྱུ་གོ་རྒྱུ་ཡོད་ལ། ད་དུང་ཡང་ངའི་དྲན་ཤེས་སུ་གསལ་བ་ཞིག་ནི། ཉི་ཧོང་གི་དཔལ་འབྱོར་གནས་སྟངས་འཕེལ་མེད་སོར་གནས་མ་བྱུང་གོང་གི་དུས་རབས ༢༠འི་ལོ་རབས ༨༠འི་ནང་། མི་རྣམས་ཀྱིས་ཉི་ཧོང་གི་དཔོན་རིགས་ཚོ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་འཇོན་པའི་ནུས་ལྡན་ཤར་སྟག་ཅིག་ལ་ཡིད་ཆེས་བྱས་ཡོད།

         འདི་ནི་ཁྱོད་ཀྱིས་རྒྱ་ནག་གི་མ་རྐང་ཁྲོམ་རའི་ཡ་མཚན་ཅན་གྱི་གནས་བབ་དེ་ཤེས་རྒྱུར་མཁོ་པའི་རྒྱབ་ལྗོངས་ཡིན། མ་རྐང་ཁྲོམ་ར་རང་སྟེང་ནས་བཤད་ན། རྒྱ་ནག་གི་རྐང་དངུལ་འཛིན་ལོར་གྱི་རིན་གུང་དེ་དེ་འདྲའི་གལ་གནད་ཆེ་བའི་གནས་ ཚུལ་ཞིག་ཏུ་གྱུར་དགོས་དོན་མེད་མོད། སྲིད་གཞུང་གིས་མ་རྐང་ཁྲོམ་ར་བཏང་འཛིན་བྱེད་རྩིས་བྱས་ཏེ། རང་ཉིད་ཀྱི་ཡིད་ཆེས་གཏའ་མ་བཞག་ནས་རྒྱན་སྐུག་གདམ་པ་རེད། དེ་དང་ཆབས་ཅིག་རྒྱ་ཁབ་དབང་བསྒྱུར་བས་བར་བརྒལ་དུས་ཡུན་དེར་བདེན་དཔང་བྱས་པ་ཞིག་ནི། འདས་པའི་ལོ་ངོ ༢༥འི་རིང་རྒྱ་ནག་གིས་ང་རྒྱལ་སྐྱེས་ཆོག་པའི་གྲུབ་འབྲས་བླངས་ཡོད་ཀྱང་།  ཁོང་ཚོས་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱིན་པ་རྩ་བ་ཉིད་ནས་ཤེས་ཀྱིན་མེད་པ་དེ་རེད།

         ཐོག་མར་གཞི་རྩའི་རིམ་ངོས་དེ་ལྟོས་དང་། རྒྱ་ནག་དེ་དུས་རབས་ཤིག་མཇུག་རྫོགས་པའི་བཞི་མདོར་བསླེབས་ཡོད་ལ། ལས་གནས་མི་འདང་བའི་ཞིང་པ་འབོར་ཆེན་ཞིག་གཞི་རིམ་ཞིང་གྲོང་ནས་མཚོ་ཁའི་གྲོང་ཁྱེར་ཁག་ཏུ་ཡོང་ནས་གླ་ལས་བྱས་པ་ལས་ཐོན་པའི་རབ་ཏུ་དར་འཕེལ་བྱུང་བའི་དུས་རབས་ མཇུག་རྫོགས་ཟིན་པ་རེད། ངལ་རྩོལ་ལས་ཤུགས་ལྷག་མའི་གསོག་འཇོག་ད་ལྟ་ཇེ་ཉུང་དུ་སོང་དང་འགྲོ་མུས་སུ་ཡིན་པས། དེ་ཡིས་དར་འཕེལ་གྱི་གོམ་པ་ཇེ་དལ་དུ་མ་སོང་རང་སོང་ཡིན་པ་མཚོན་ཡོད།

         འོན་ཀྱང་། རྒྱ་ནག་གི་དཔལ་འབྱོར་གཞི་སྒྲོམ་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་མ་དཔེ་དང་ བསྟུན་ནས་འཛུགས་བསྐྲུན་བྱས་པ་རེད། རྒྱ་གཉེར་ཁེ་ལས་མང་པོ་ཐེ་བའི་ཁེ་ལས་དག་གིས་རང་ཉིད་ཀྱི་ཡོང་སྒོར་སྦ་བར་གསང་ བ་ལས་མང་ཚོགས་ལ་ཕྱིར་སྤྲད་མེད། དེ་ཡི་རྐྱེན་གྱིས་མི་ཚང་གི་ཡོང་སྒོར་ཉམས་དམས་སུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ། མི་སྒེར་གྱི་གསོག་དངུལ་ཤིན་ཏུ་མཐོ། དེ་ནི་སྤྱི་ཚོགས་བདེ་འཇགས་མིན་པའི་དབང་གིས་མི་ཚང་ཚོས་སྒོར་རྐྱང་བསོགས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མ་བྱུང་སྔོན་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། དེ་འདྲའི་མཇུག་འབྲས་སུ། རྒྱ་ནག་གི་འགྲོ་གྲོན་ཧ་ཅང་དོ་མཉམ་མིན། ཕྱོགས་གཅིག་ན་ཧ་ཅང་མཐོ་བའི་མ་རྩ་འཛུགས་འཇོག་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ན་འཛད་སྤྱོད་པའི་དགོས་མཁོ་དེ་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་ཁྲོད་ཆ་ཤས་ཤིན་ཏུ་ཆུང་ཆུང་ཞིག་ལས་ཟིན་མེད།

         མགྱོགས་མྱུར་ངང་དར་ཞིང་འཕེལ་པའི་དཔལ་འབྱོར་གྱིས་བསྐྲུན་པའི་འདང་ངེས་ཀྱི་མ་རྩ་འཛུགས་འཇོག་གི་གོ་སྐབས་ཡོད་དུས། གཞི་སྒྲོམ་དེ་སྤྱོད་རིན་ཡོད་པ་ཞིག་ཡིན། ཡིན་ན་ཡང་། མིག་སྔར། རྒྱ་ནག་གི་མ་རྩ་འཛུགས་འཇོག་གི་ཡོང་སྒོ་དེ་མགྱོགས་མྱུར་རིམ་འགྲིབ་ཀྱི་དུས་སྐབས་ཡིན། དེ་ལྟ་ན། བར་བརྒལ་གྱི་གནད་དོན་ཞིག་བྱུང་བ་རེད། གལ་ཏེ་མ་རྩ་འཛུགས་འཇོག་ལ་ཆག་འགྲིབ་བྱུང་ཚེ། འཛད་སྤྱོད་དེ་འདེང་ཚོད་ཅིག་འཕར་དཀའ། དེའི་སྟབས་ཀྱིས། མ་རྩ་འཛུགས་འཇོག་གི་ཁ་ཤོ་དེ་བསྐོང་དགོས་ན། དོན་དག་ཅི་ཞིག་བྱུང་སྲིད་དམ།

         རྒྱ་ནག་ལ་དགོས་པ་ནི་ཉོ་བསྡུའི་ནུས་པ་ཆེ་རུ་གཏོང་ཐུབ་པའི་བཅོས་བསྒྱུར་ཡིན། ཡང་དག་པར་བཤད་ན། རྒྱ་ནག་གིས་ཀྱང་གནའ་ནས་ད་བར་དུ་དེའི་ཕྱོགས་སུ་འབད་བརྩོན་བྱས་དང་བྱེད་མུས་སུ་ཡོད། འོན་ཀྱང་། ཕྱོགས་སོ་སོ་ནས་བལྟས་ན། འབད་བརྩོན་དེ་དག་ད་དུང་འདང་ངེས་ཞིག་ལ་སླེབས་མེད། དཔེར་ན། རྒྱ་ནག་གིས་རྒྱལ་ཁབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་དཔེ་ཞེས་པའི་ལས་དོན་སྤེལ་མགོ་བཙུགས་ཟིན་ན་ཡང་། དོན་དངོས་ཀྱི་གནས་ཚུལ་ནི། བཟོ་བ་དང་ཞིང་པ་མང་པོ་ཞིག་ལ་ད་དུང་ཡང་སྨན་བཅོས་འགན་སྲུང་མེད།

        དུས་ཡུན་དེའི་ནང་ཁུལ་དུ། རྒྱ་ནག་གཞུང་གི་དབུ་ཁྲིད་ཚོར་དུས་ཡུན་ཐུང་ངུ་ཞིག་གི་དཔར་འབྱོར་ཉམས་དམས་ལའང་དངངས་སྐྲག་ཆེན་པོ་ཡོད་པ་འདྲ། དེ་འདྲའི་དངངས་སྐྲག་གི་སེམས་པ་དེ་གཅིག་བགྱིས་ན་ཆབ་སྲིད་ལ་རག་ལས་ཡོད་ཀྱང་སྲིད། དེའི་སྟབས་ཀྱིས། ཁོང་ཚོས་དུས་ནས་དུས་དུ་དགོས་འདོད་ལ་སྐུལ་འདེད་བྱེད་ཀྱིན་ཡོད། ཁོང་ཚོས་བཀོལ་བའི་ཐབས་ལམ་ནི་ཁྲོམ་རར་བྱ་གག་བརྒྱངས་གསོ་ལྟ་བུའི་བུ་ལོན་མཁོ་སྤྲོད་བྱེད་རྒྱུ་དེ་རེད། དེའི་ནང་མ་རྐང་ཁྲོམ་རའི་དར་འཕེལ་ལ་སྐུལ་འདེད་ཀྱང་ཐེ། ཐབས་ལམ་དེ་དག་གིས་དུས་ཚོད་ངེས་ཅན་ཞིག་ལ་ཕན་འབྲས་བསྐྲུན་ནུས་ཤིང་། ད་དུང་། གལ་ཏེ་གལ་གནད་ཆེ་བའི་བཅོས་བསྒྱུར་གྱི་མྱུར་ཚད་འདང་ངེས་པའི་ཚད་ལ་སླེབས་ནུས་ཚེ། གནད་དོན་ཡོད་དོ་ཅོག་མེ་རང་ཤི་དང་དུ་མ་རང་ཡལ་གྱི་གནས་སྟངས་ཤར་མི་སྲིད་པ་གཏན་ནས་མིན། འོན་ཀྱང་། བཅོས་བསྒྱུར་གྱི་མྱུར་ཚད་འདང་ངེས་གྱི་ཚད་ལ་མ་སླེབས་ཚེ། དེའི་མཇུག་འབྲས་སུ་རེག་མ་ཐག་རལ་འགྲོ་བའི་སྦུ་སོབ་ཆེན་པོ་ཞིག་བྱུང་ངེས་ཡིན།

          རྒྱ་ནག་གཞུང་གི་སྦུ་སོབ་དེ་གདོང་ལེན་བྱེད་སྟངས་ནི། ནུས་ཤུགས་ཡོད་རྒུ་བཏོན་ནས་རྐང་དངུལ་འཛིན་ལོར་གྱི་རིན་གོང་འདེགས་རྒྱུ་ལས་གཞན་མེད།  ཕར་བལྟས་ཚོད་ཀྱིས། རྒྱ་ནག་གི་མ་རྐང་ཁྲོམ་ར་རྩེད་མཁན་ཚོས་རྐང་དངུལ་འཛིན་ལོར་གཏའ་མ་བཞག་ནས་མ་དངུལ་འབོར་ཆེན་བུ་ལོན་བླངས་ཡོད། དེར་བརྟེན། མ་རྐང་ཁྲོམ་ར་རབ་ཏུ་ཆག་ན་ཁོང་ཚོའི་ཚོང་ལས་རྡིབ་འགྲོ་བའི་ཉེན་ཁ་ཏན་ཏན་ཡོད་པ་རེད། དེ་བས་ཀྱང་སེམས་ཁྲེལ་བྱེད་ས་ཞིག་ནི། རྒྱ་ནག་ནང་གཞི་རྒྱ་ཤིན་ཏུ་ཆེ་བའི “གྲིབ་མའི་དངུལ་ཁང” ཟེར་བ་ཞིག་ཡོད་པ་དང་། ལས་རིགས་དེ་ཕལ་ཆེར་ལྟ་སྐུལ་གང་གི་འོག་ཏུའང་ཚུད་མེད་སྟབས། རྒྱུ་བདག་གིས་རང་རང་གི་གསོག་དངུལ་དུས་གཅིག་ཏུ་ལེན་རྒྱུའི་གནས་སྟངས་བྱུང་སླ།

       ཡིན་མོད་ཀྱང་། ད་ལྟའི་གནས་སྟངས་ལའང་དེ་ལྟར་བལྟས་ཆོག དེ་སྔ་མང་ཚོགས་མ་རྐང་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་རབ་དང་རིམ་པ་བྱས་པའི་རྒྱ་ནག་གཞུང་གིས་རང་གི་སྙན་གྲགས་སྲུང་རྒྱུའི་ཆེད་དུ། རང་ཉིད་ཀྱིས་ངེས་པར་དུ་རྐང་དངུལ་འཛིན་ལོར་གྱི་རིན་གོང་དམ་པོར་སྲུང་དགོས་པར་འདོད་ཡོད། ཡིན་དང་ཡིན། རྒྱ་ནག་གཞུང་གིས་དེ་འདྲ་བྱས་པའི་མཇུག་འབྲས་ནི། རང་ཉིད་ཀྱི་སྙན་གྲགས་ཆེས་མགྱོགས་པོར་མེད་བརླག་ཏུ་གཏོང་རྒྱུ་ལས་མ་འདས།

       ཁྱོད་ཀྱིས་རྒྱ་ནག་གིས་རང་ཉིད་ཀྱི་སྙན་གྲགས་སྲུང་ཆེད་ཡོང་སྲིད་པའི་ཐབས་ལམ་ཡོད་དོ་ཅོག་བཀོལ་པར་བསམ་ན། ཁོང་ཚོས་ནམ་རྒྱུན་ཁྱོད་ཀྱི་བསམ་ཡུལ་ལས་འདས་པའི་དོན་དག་སྒྲུབ་སྲིད། ཉེ་ལམ། རྒྱ་ནག་གཞུང་གིས་མ་རྐང་ཁྲོམ་ར་ཆག་འགྲིབ་ཀྱི་ཉེས་སྐྱོན་དེ—ཁྱོད་ཀྱིས་ཁེད་སོང — ཕྱི་རྒྱལ་དགྲ་འཛིན་སྟོབས་ཤུགས་ལ་བཀལ་ཡོད། འདི་ནི་གཅིག་བགྱིས་ན་ཁྱོད་ཀྱི་བསམ་བློ་གཏོང་ནུས་པ་ལས་ཀྱང་གནས་ལུགས་མེད། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོར་མ་རྐང་ཁྲོམ་ར་བཏང་འཛིན་བྱས་ཏེ་ཕྱི་རྒྱལ་བ་རྣམས་དོན་དངོས་སུ་རྒྱ་ནག་མ་རྐང་ཁྲོམ་རའི་ཕྱི་རུ་དེད་ཡོད། ཁྱོད་ཀྱིས་དང་ཐོག་ནས་ཁྱོད་ལ་མི་དབང་བའི་རྒྱུ་ནོར་དེ་བཙོང་རྒྱུ་ཁག་པོ་ཡིན།

        ལྟོས་དང་། ད་ང་ཚོས་ཅི་ཞིག་ཤེས་སོང་ངམ། ཡིད་ཆེས་དཀའ་བའི་རྒྱ་ནག་གི་དཔར་འབྱོར་འཕེལ་རྒྱས་དེ་སྨིག་རྒྱུ་མ་རེད། རྒྱ་ནག་དེ་ད་དུང་ཡང་ཐོན་སྐྱེད་ཀྱི་ནུས་པ་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་རེད། མགྱོགས་མྱུར་ངང་འཕེལ་རྒྱས་ནས་དལ་བུར་འཕེལ་རྒྱས་ཀྱི་བར་བརྒལ་གྱི་རྣམ་པ་ད་ དུང་ཡང་གསལ་བོ་རེད། ང་ཚོས་གནད་དོན་དེ་དག་མཐོང་ནས་དུས་ཡུན་གང་ཙམ་ཞིག་ཕྱིན་པ་རེད། དེའི་ཁྲོད་ཀྱི་གསར་འགྱུར་ཆེ་ཤོས་དེ་རྒྱ་ནག་གི་དཔར་འབྱོར་མ་རེད། རྒྱ་ནག་གི་འགོ་ཁྲོད་ཚོ་དང་འབྲེལ་ཡོད་གནས་ཚུལ་རེད།

         རྒྱ་ནག་གི་འགོ་ཁྲོད་ཚོས་འཇོན་ལུགས་ཤེས་ལུགས་དང་། མིག་རྒྱང་རིང་བ་སོགས་ཀྱི་གོ་ཐོས་རིགས་དོར་རོགས་གནོངས། ད་ལྟའི་ཁོང་ཚོའི་སྲོག་བསྡོས་འཕག་འཚག་རྒྱལ་སྲོལ་ལ་གཞིགས་ན། ཐ་ན་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱིན་པའང་ཤེས་མེད།


            རྩོམ་པ་པོ་ནི་སྐུ་ཞབས་ཕོད ཁུ་རུག་མན( Paul Krugman)ལགས་ཡིན་ཞིང་། ཁོང་ནི་སྙན་གྲགས་ཆེ་བའི་ཨ་རིའི་༼ ནིའུ་ཡོག་དུས་བབ༽ཀྱི་ཆེད་སྒྲིག་རྩོམ་པ་པོ་རེད། 


ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d