___ སྨྱུག་མདའ། 

དེ་རིང་དར་ཆེན་ཞིག་མཚོ་ལ་འཐེན་ཡོད།།
ནམ་མཁའི་ཟླ་འོད་ཀྱང་ཁྱོད་ཅེས་བོས་ཡོད།།
ངག་གི་གྲགས་པ་འང་ཚེས་ཞག་ཤན་ཡོད།།
ཐོག་ཁང་བྱ་ཕོ་ཚོར་གཏམ་ཞིག་བྲིས་ཡོད།།

བྲན་བཀུར་གཤིས་ཀ་ལ་བརྡ་ཞིག་བཏེགས་ཡོད།།
བཙན་པོའི་རུས་པ་ལ་སྲོག་རྩ་གཏད་ཡོད།།
རི་སྒང་གཡར་མ་དེར་ཀི་ཞིག་བཏབས་ཡོད།།
ན་བུན་སྐྱ་བོའི་གཞུང་གཡོ་ཞིང་འདར་ཡོད།།

ཕྱི་རབས་རྨི་ལྟས་ཤིག་མཐའ་སྣེར་འགྲེངས་ཡོད།།
དོ་དགོང་དམག་འདབ་ན་རལ་བ་བཀྱགས་ཡོད།།
ལོ་འདི་ས་སྟོང་ཞིག་ཡིན་ཚོད་མ་རེད།།
རིག་གནས་མིང་ཡིག་གི་གོང་གོར་དྲོད་ཡོད།།

རི་སྡེ་མུན་པ་ལ་སྔར་བཞིན་ཟུག་ཡོད།།
ཁ་གཏམ་འཇམ་པོ་ལ་ལྕེ་ལྡག་བྱས་ཡོད།།
ཁྱེད་ཉིད་མེ་ལྕེ་ཞིག་རྐང་ལ་འཐིམས་ཡོད།།
ངག་ཤི་གཟའ་རོ་ཞིག་ཡིན་ཚོད་མ་རེད།།

ཆང་ཕོར་དམར་པོ་ལ་ཁ་རྒྱན་བཙུགས་ཡོད།།
ཟ་ཟུར་ཀུན་པོ་ཡི་མཉམ་བཞག་དཀྲོགས་ཡོད།།
བྲོས་བྱོལ་མི་ཕོ་ཞིག་སྟོབས་སུ་འཁྲུངས་ཡོད།།
སྙིང་གའི་བཟོ་བཀོད་ཀྱིས་བླ་མཁར་བཞེངས་ཡོད།།

མགྲིན་པ་ཟུར་ཉམས་ཀྱིས་ག་ལེར་འགུལ་བ།།
བཙན་པོའི་དུར་བདག་གི་སྙིང་སྟོབས་ལོས་ཡིན།།
ས་མཐའི་ལོ་ངོ་འདི་སྡུག་གིས་བསྐྱལ་ཡང་།།
སྐྱོ་ངན་གཏམ་ཚོགས་ཀྱིས་ཐུབ་ཚོད་མ་རེད།།

གྱེན་དུ་ལངས་པ་ཡི་ཟུངས་ཁྲག་འདྲེས་མ།།
ཙོང་ལ་རིངས་མོ་ཡི་རྒོད་པོ་མཐུར་མེད།།
ཆགས་སྡང་སྐད་ཆ་ཡི་མདའ་མཚོན་བར་ནས།།
བདེན་པའི་གཅེར་བུ་ཁྱོད་སེམས་ངོར་བྲིས་ཡོད།།

༢༠༡༥/༨/༢༤ མཚན་མོར”སྐྱོ་བའི་དབུགས་རིང་ཞིག་འཐེན་ཞོར་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d