ཝང་ལི་ཞོན། འབྲོག་མྱིའི་བསྒྱུར།

        
ཕྱི་ལོ ༡༩༥༩ ལོའི་ཟླ ༣ར་ལངས་པའི་ལྷ་སའི་དོན་རྐྱེན་གྱི་དབང་གིས་ཏཱ་ལའི་བླ་མས་གཙོས་བོད་མི་ཁྲི་ལ་ཉེ་བ་རྒྱ་གར་དུ་བཙན་བྱོལ་ཆེད་ཕེབས་དགོས་ཐུག་པ་རེད། དོན་རྐྱེན་དེ་བོད་དོན་གྱི་མཚོན་བྱེད་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད། དོན་དངོས་སུ་དོན་རྐྱེན་དེའི་སྔོན་དུ། བོད་མིའི་ངེས་མེད་རྒོལ་རྡུང་དམག་འཐབ་ལོ་མང་རིང་བསྟུད་མར་བྱུང་བ་དང་། བོད་མི་ཚོས་རྒྱ་ནག་པ་བོད་ས་ནས་མཐར་སྐྲོད་གཏོང་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས། རྒྱ་ནག་དམར་གཞུང་གི་ལས་ཁུངས་དག་ལ་འཇབ་རྒོལ་དང་རྒྱ་མིའི་ལས་བྱེད་པ་དམར་གསོད་བྱས། རྒྱ་ནག་དམར་གཞུང་གིས་དམག་མི་འབོར་ཆེན་ཆེད་མངག་གིས“ཟིང་འཁྲུག་ཞི་འཇགས”ཞེས་པ་སྤེལ་ནས་ཞིང་ཆེན་བཞིའི་བོད་ཁུལ་དུ་བོད་མིའི་ངོ་རྒོལ་གཙང་སེལ་བྱེད་ཐབས་བྱས།

           རྗེས་ལུས་ལག་ཆ་བཟུང་བའི་བོད་མི་ཚོ་རྒྱ་དམར་གྱི་ཚད་ལྡན་དམག་དཔུང་གི་འགྲན་ ཡ་ག་ལ་ཡོང་། ཞིང་ཆེན་བཞིའི་བོད་ཁུལ་དུ་སྤེལ་བའི་རྒྱ་ཆེན་པོའི་བསྐོར་བཅོམ་ལས་ཐར་བའི་ཟིང་འཁྲུག་ངོ་རྒོལ་བ་རྣམས་རིམ་བཞིན་བོད་ལྗོངས་སུ་བྲོས་བྱོལ་ཏུ་འབྱོར་ཞིང་། དེ་དང་ཆབས་ཅིག ཅི་བྱ་གཏོལ་མེད་ཀྱི་འཇིགས་སྣང་ཞིག་ནད་ཡམས་བཞིན་བོད་ལྗོངས་གང་སར་ཁྱབ། མི་དམངས་བཅིངས་འགྲོལ་དམག་གིས“ངོ་ལོག་ཇག་པ་བསྐོར་བཅོམ”དང་བདའ་འདེད་ཀྱིས“ཟིང་འཁྲུག་ཞི་འཇགས”ཟེར་བའང་རྒྱ་བསྐྱེད་ནས་རིམ་བཞིན་བོད་ལྗོགས་སུ་བསླེབས་ཤིང་། སྤྱིར་ན་ཛ་དྲག་ཡིན་པའི་ལྷ་ས་དང་རྒྱ་དམར་གྱི་འགལ་བར་སྐུལ་འདེད་འཕར་མ་ཞིག་ ཐེབས།

          ལྷ་ས་དང་པེ་ཅིང་གི་སྦྲང་རྩིའི་ཟླ་བ་དེ་ཞིང་ཆེན་བཞིའི་བོད་ཁུལ་དུ་ཟིང་འཁྲུག་ལངས་པ་དང་མཉམ་དུ་མཇུག་རྫོགས་ཡོད་པ་རེད།  ལྷ་སའི་དོན་རྐྱེན་མ་བྱུང་སྔོན། ཕྱོགས་གཉིས་ཀས་ཁ་ལོག་ངོ་ལོག་བསྟན་མེད་མོད། སེམས་ན་རང་རང་གི་རྩིས་འདེད་ཀྱིན་ཡོད། གཅིག་བགྱིས་ན་ལྷ་སས་ཟིང་འཁྲུག་དེ་རྒྱ་དམར་གྱི་གནོན་ཤུགས་ཤིག་ཏུ་གྱུར་རྒྱུའི་རེ་བ་བཅངས་ཡོད་ཀྱང་སྲིད། ཡིན་ན་ཡང་། རྒྱ་དམར་གྱིས་དེ་ལས་བརྙེད་པའི་ངེས་ཤེས་ཤིག་ནི། བོད་ལྗོངས་ལ་བདེ་འཇགས་མཐིལ་ཕྱིན་ཞིག་ཡོངས་དགོས་ཚེ། ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག”ཏུ་གཏོང་དགོས་པ་དེ་རེད།

        སྐབས་དེའི་རྒྱ་དམར་ནང་ཁུལ་གྱི་ཡིག་ཆ་ལྟར་བཤད་ན། “མི་རིགས་འབྲེལ་བའི་གཞི་རྩའི་ལེགས་བཅོས་དེ། མཐར་ཐུག་ན་མི་རིགས་རེ་རེའི་ནང་ཁུལ་གྱི་ངལ་རྩོལ་གྲལ་རིམ་གྱི་བཅིངས་འགྲོལ་གཙང་མར་རག་ལས་ཡོད།”འདུ་ཤེས་འཛིན་སྟངས་ཀྱི་དྲི་མས་སྦགས་པའི་སྐད་ཆ་འདི་ཐད་ཀར་ ཁ་སྐད་དུ་བསྒྱུར་ན་འདི་ལྟ་དེ། བོད་ལྗོངས་དེ་གུང་ཁྲན་ཏང་གི་སྒྲིག་གཞི་རུ་བཅོས་བསྒྱུར་བྱས་ཚེ། ད་གཟོད་བོད་ལྗོངས་ལ་དུས་གཏན་དུ་བཏང་འཛིན་བྱེད་ཐུབ།

       ལྷ་སའི་དོན་རྐྱེན་མ་བྱུང་བའི་ཟླ་བརྒྱད་ཀྱི་ཡར་སྔོན། མའོ་ཙེ་ཏུང་གིས་འདི་ལྟ་བུའི་བཀའ་རྒྱ་བཏང་ཡོད།“ བོད་ལྗོངས་སུ་དེ་གར་རྒྱ་ཁྱབ་ངང་ལངས་སྲིད་པའི་ཟིང་འཁྲུག་ལ་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་བྱེད་དགོས། ཟིང་ཆ་ག་ཚོད་ཆེ་བ་ལངས་ན་དེ་ཚོད་ཀྱིས་བཟང་། བོད་ལྗོངས་ཀྱི་ངོ་ལོག་ཤོག་ཁག་གིས་རྒྱ་ཁྱབ་ངང་ངོ་རྒོལ་ཟིང་འཁྲུག་སློང་ནུས་ཚེ། དེ་གའི་ངལ་རྩོལ་མི་དམངས་སྔ་ས་ནས་བཅིངས་པ་ལས་འགྲོལ་ཐུབ།”དེ་བཞིན་སྐབས་དེར་རྒྱ་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་བའི་ཏེང་ཞོ་ཕེང་གིས་བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་ཀྲང་གོ་ཧྭ་ལ། “ཁོང་ཚོར་ཟིང་ཆ་ཆེན་པོ་སློང་གི་ཆིག ཟིང་ཆ་ག་ཚོད་ཆེན་པོ་བསླང་ན་དེ་ཚོད་ཀྱིས་བཅོས་བསྒྱུར་མཐིལ་ཕྱིན་བྱེད་ཐུབ། བཅིངས་འགྲོལ་དམག་ལས་སླ་བས་འཐབ་འཁྲུག་ནང་མ་ཞུགས། ལས་སླ་བོར་དམག་མ་བཀོལ”ཞེས་ལམ་སྟོན་གནང་འདུག

        གོང་གི་མའོ་ཙེ་ཏུང་དང་ཏེང་ཞོ་ཕེང་གི་དགོངས་ཚུལ་དེ་དག་ལས་གསལ་བ་ཞིག་ནི། དེ་དུས་རྒྱ་དམར་གྱི་མཐོ་རིམ་དཔོན་རིགས་ཚོ་མཱ་ཆི་ཡ་བེ་ལི༼ Machiavelli ༡༤༦༩ — ༡༥༢༧ ཨེ་ཊ་ལིའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ། དམིགས་ཡུལ་འགྲུབ་ཆེད་ཐབས་ལམ་ཅི་ཡིན་ལ་མི་ལྟ་བའི་ལྟ་གྲུབ་འཛིན་མཁན་ཞིག་ཡིན་ པས་མིང་ལ་གྲགས། མཱ་ཆི་ཡ་བེ་ལི་རིང་ལུགས་( Machiavellianism )ཀྱང་དེའི་རྐྱེན་གྱིས་གཡོ་ཇུས་ངན་ཐབས་ཀྱི་མིང་ཚབ་ཏུ་གྱུར་ཡོད། — བསྒྱུར་མཁན་གྱི་མཆན། ༽ལྟ་བུའི་སྲིད་ཇུས་ལ་ཕྱོགས་ཡོད་པ་རེད།  གནས་ཚུལ་ལ་བཏང་འཛིན་མ་བྱས་པར་དེ་མུར་བཞག་ནས་རྒྱ་ཡན་དུ་འགྲོ་རུ་བཅུག་རྗེས།  དེ་ནས་མིང་དོན་ཚུལ་ལུགས་དང་མཐུན་པའི་ངང་དམག་དོན་གྱི་ལམ་ནས་བོད་ས་གནས་སྟོབས་ཤུགས་རྩ་མེད་དུ་བཏང་སྟེ་བོད་ཀྱི་སྲིད་དབང་ལ་བདག་སྐྱོང་དང་། དུས་དེ་ནས་བཟུང་བོད་ལྗོངས་ལ་ཐད་ཀར་དབང་བསྒྱུར་བྱེད་པ།

           ཕྱི་ལོ ༡༩༥༨ ལོར་སོན་དུས། བོད་ཁུལ་གྱི་དྲག་པོའི་ངོ་རྒོལ་རིགས་ཧ་ཅང་ཉེན་ཚབས་ཆེ་བའི་རིམ་པར་འཕེལ་ཞིང་ རྒྱས་ཡོད། གཞི་རྒྱ་ཅུང་ཆུང་བའི་བཅིངས་འགྲོལ་དམག་གི་དམག་དཔུང་ཁག་ཁེར་རྐྱང་ངང་ཕྱི་རོལ་དུ་འགྲོ་མི་ཕོད་པ་དང་། རླངས་འཁོར་ལྔ་བརྒྱ་དྲུག་བརྒྱ་དཔུང་སྒྲིག་ནས་གྲུབ་པའི་གཞི་རྒྱ་ཆེ་བའི་དྲག་ ཆས་རླུང་འཁོར་རུ་ཁག་ད་གཟོད་ལྷ་ས་རུ་དངོས་ཟོག་སྐྱེལ་འདྲེན་ཆེད་འགྲོ་ཕོད་པའི་ཚད་ལ་སླེབས་ཡོད་པ་རེད། དེ་བཞིན་དུ་ལྷ་ས་གྲོང་ཁྱེར་ཡང་བདེ་འཇགས་མིན། ཕྱི་ལོ ༡༩༥༩ ལོའི་སྨད་ནས་བཟུང་། ངོ་རྒོལ་དམག་མི་དང་བྲོས་བྱོལ་བ་འབོར་ཆེན་ལྷ་སར་འབྱོར་ནས། ལྷ་ས་གྲོང་ཁྱེར་ཕྱི་ནང་གཉིས་ཀར་སྦྲ་གུར་གྱིས་གང་ཞིང་། ག་ས་གང་དུ་ལག་ཆ་བཟུང་བའི་ངོ་རྒོལ་བས་གང་ནས་ཉེན་རེ་ཞག་རེར་ཟིང་འཚུབ་ཀྱི་གནས་སྟངས་ཇེ་ཆེ་ནས་ཇེ་ཆེར་སོང་། བཀའ་ཤག་སྲིད་གཞུང་གིས་ལྷ་སར་འབྱོར་བའི་ངོ་ལོག་དམག་མི་སྟོང་ཕྲག་མང་པོར་བཏང་འཛིན་བྱེད་མི་ནུས་ཤིང་། ལྷ་སའི་གནས་སྟངས་ལ་གཞིགས་ན་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་དོན་དག་བྱུང་ རྒྱུ་ཡིན་པ་ཁག་ཐེག་ཡིན་ལ། བྱུང་རྐྱེན་མེ་རྟ་ཞིག་ལ་སྒུག་ཡོད།

        ཕྱི་ལོ ༡༩༥༩ ལོའི་ཟླ ༣ ཚེས ༡༠། དེ་སྔའི་འཆར་བཀོད་ལྟར་ན་ཉིན་དེར་ཏཱ་ལའི་བླ་མ་རྒྱ་ནག་དམར་གཞུང་བོད་ལྗོངས་དམག་ཁུལ་དུ་ལྟད་མོར་གཟིགས་ཆེད་ཕེབས་དགོས་མོད། འོན་ཀྱང་། བོད་མིའི་ཁྲོད་རྒྱ་དམར་གཞུང་གིས་གོ་སྐབས་དེར་བསྟེན་ནས ༧གོང་ས་མཆོག་བཙན་ཁྲིད་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཁྱབ་ཀྱིན་ཡོད། ཚེས ༡༠འི་སྔ་དྲོར། བོད་མི་དང་བོད་དམག་ཁྲི་བ་ཉེ་བས ༧གོང་ས་མཆོག་གི་ཕོ་བྲང་ནོར་བུ་གླིང་ཀའི་མཐའ་བསྐོར་ནས ༧གོང་ས་མཆོག་རྒྱ་དམར་དམག་ཁུལ་ཏུ་ཕེབས་རྒྱུ་བཀག་འགོག་བྱས། རིམ་བཞིན་གནས་སྟངས་ཇེ་ཆེ་དང་བཏང་འཛིན་མ་ཐུབ་པར་གྱུར་ཞིང་། ཁོང་ཁྲོ་དང་ངར་ལངས་པའི་མི་དམངས་ཀྱིས་གྲོས་ཆོད་དོན་ཚན་བཅུ་བདུན་རྩིས་མེད་དུ་ གཏོང་དགོས་པ་དང་རྒྱ་མི་བོད་ནས་མཐར་སྐྲོད་དགོས་པའི་འབོད་སྐད་བསྒྲགས། དེའི་མ་ཚད་ཁོང་ཚོས་ངོ་ལོག་པར་ངོས་འཛིན་བྱས་པའི་བོད་མི་འགའ་དམར་གསོད་བྱས། རྗེས་སུ་བཙན་བྱོལ་བོད་གཞུང་གིས་ཉི་མ་དེ༼ ཕྱི་ཟླ ༣ ཚེས ༡༠༽བོད་མིའི་གྱིན་ལངས་ཀྱི་ཉིན་མོར་གཏན་ཁེལ་བྱས་ཡོད།

         རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་ཐད། ཏཱ་ལའི་བླ་མས་གང་གི་མཛད་རྣམ་ནང་ལྷའི་བཀའ་ལུང་ལྟར་ཐག་གིས་བཅད་ཚུལ་བཀོད་ཡོད། ཕྱི་ཟླ ༣ ཚེས ༡༠འི་དགོང་མོའི་ཆུ་ཚོད་༡༠འི་སྟེང་། གྲྭ་བ་དཀྱུས་མར་བརྫུས་ནས། སྐུ་འཁོར་དང་སྲུང་དམག་དྲུག་བརྒྱ་ལྷག་གི་སྲུང་སྐྱོབ་འོག་ཕྱིར་ཡོང་མེད་པའི་ལམ་ལ་ཆས། ཉིན ༡༤འི་རིང་ལ་ཀླུང་རི་སྒང་བརྒལ་མཐར་བདེ་ལེགས་ངང་རྒྱ་གར་ལ་འབྱོར།

         ཏཱ་ལའི་བླ་མ་རྒྱ་གར་དུ་བྲོས་བྱོལ་གྱི་ལམ་བར་དུ། རྒྱ་དམར་གཞུང་གིས་བཀག་འགོག་གཅིག་ཀྱང་བྱས་མེད། དེ་དུས་ཅིང་སུའུ་ཞིང་ཆེན་དམར་ཤོག་དྲུང་ཆེ་ཡིན་པའི་ཞེའུ་ཇ་ཐོན་གྱིས་ཡི་གེར་བཀོད་པ་དང་། རྗེས་སུ་བོད་ལྗོངས་དམག་ཁུལ་གྱི་རྩོམ་པ་པོ་ཅི་ཡུག་ཆོན་གྱི་བརྟག་དཔྱོད་ལྟར་ན། མའོ་ཙེ་ཏུང་གིས་བཀའ་རྒྱ་ལྟར་བཏང་བ་རེད། ཏཱ་ལའི་འཛིན་རྒྱུ་ལས་སླ་མོ་རེད། ཡིན་ན་ཡང་། བཟུང་རྗེས་ཐག་གཅོད་ཇི་ལྟར་བྱེད་དམ། བསད་པ་དང་ཡང་ན་རྨས་ཚེས་གནད་དོན་ཆེན་པོར་གྱུར་བ་མ་ཟད། བོད་མི་ཡོངས་དང་དུས་གཏན་དུ་དགྲ་གཤེད་དུ་གྱུར་བ་རེད། རྒྱལ་སྤྱིའི་གླེང་ཕྱོགས་ལ་བཤད་སྟངས་ཤིག་བརྙེད་དཀའ། ཡང་ཏཱ་ལའི་བོད་དུ་འདུག་གི་བཅུག་ཚེ། རྒྱ་ནག་དམར་ཤོག་གཞུང་གི“དམངས་གཙོའི་གསར་བརྗེ”དང་ཡང་ན“སྤྱི་ཚོགས་རིང་ལུགས་གསར་བརྗེ”གང་ལ་མཚོན་ནའང་འགོག་རྐྱེན་ཞིག་ཡིན། ཁོང་ནི་བོད་མིའི་སྙིང་སྟོབས་གཅིག་ཏུ་བསྡུས་པའི་དབུ་ཁྲིད་ཡིན་པ་མ་ཟད། སྲོལ་རྒྱུན་གྱིས་གནང་བའི་འཇིག་རྟེན་པའི་དབང་ཆ་མཐོ་ཤོས་འཛིན་མཁན་དེའང་ཡིན། ཁོང་གིས་དུས་ནས་དུས་སུ་བླ་ན་མེད་པའི་སྐུལ་བརྡའི་ནུས་པ་སྤྱད་ནས་པེ་ཅིང་ལ་འཇིགས་པ་སྐུལ་ཆོག པེ་ཅིང་ལ་ཁོང་གི་ཐོབ་དབང་མེད་པར་བཟོ་རྒྱུའི་ནུས་ཤུགས་ཡོད་ཀྱང་། བོད་མིའི་སེམས་འགུག་མི་ནུས། དེའི་སྟབས་ཀྱིས། སྐབས་དེའི་ཕན་གནོད་ལ་གཞིག་ནས། ཕུགས་འབྲས་ཆེས་ཡག་ཤོས་དེ་ཏཱ་ལའི་རང་འགུལ་ངང་ཕྱི་ལོག་ཏུ་འགྲོ་རྒྱུ་དེ་ཡིན་པ་རེད། ཕྱོགས་ལ་ལ་ཞིག་ནས་བལྟས་ན། རྗེས་སུ་མའོ་ཙེ་ཏུང་གིས་ལེན་པོའོ་ཕྱི་རུ་བཏང་བའི་རིགས་ལམ་དེ་གོང་དང་གཅིག་མཚུངས་རེད། གཉིས་ཀའི་མ་འདྲ་ས་ནི།  ལེན་པོའི་ཡི་གནམ་གྲུ་ལས་དབང་གིས་སོག་ཡུལ་དུ་ཟགས་ནས་མའོ་ཙེ་ཏུང་གིས་ནག་ཉེས་ ཀྱང་འཁུར་མ་དགོས་པར་ཕུགས་ཀྱི་སྐྱོན་ཡང་མེད་པར་ཆགས་པ་རེད། ཏཱ་ལའི་བླ་མ་རྒྱ་གར་དུ་བདེ་མོ་ཐང་པོར་བཞུགས་མུས་སུ་ཡིན་པའི་མ་ཚད། མའོ་ཙེ་ཏུང་གཤེགས་རྗེས་པེ་ཅིང་གྱི་ནུས་ཤུགས་ཅན་གྱི་དགྲ་རུ་ཡང་བསྐྱར་གྱུར་བ་རེད།

        ཏཱ་ལའི་བླ་མ་ཡུལ་དང་གྱེར་རྗེས། རྒྱ་དམར་གཞུང་གིས་ཁོང་བཙན་ཁྲིད་བྱས་ལུགས་ཤེད་ཤུགས་ཆེན་པོས་བསྒྲགས་ཡོད། ལོ་ལྔ་ཡི་རྗེས་སུ་ད་གཟོད་ཏཱ་ལའི་བླ་མའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ ཡོན་ལྷན་ཁང་གི་འགན་འཛིན་གྱི་གོ་གནས་ལས་གནས་དབྱུང་བཏང་ནས་དགྲ་བོ་ཞེས་པའི་མིང་དེ་བཏགས་པ་རེད།

         ལྷ་སའི་དོན་རྐྱེན་གྱི་མངོན་གསལ་དོད་མོའི་མཇུག་འབྲས་ཤིག་ནི། རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྲིད་དབང་བཟུང་བ་དང་། ལོ་རྒྱུས་སྟེང་རྒྱ་ནག་གིས་ཐོག་དང་པོར་བོད་ཀྱི་བདག་དབང་ལ་བཏང་འཛིན་གཙང་མ་བྱེད་ཐུབ་པ་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d