___ སྨྱུག་མདའ།
གནམ་ས་དམར་པོ་རེད་ཚེར་མའི་ལྗོན་པ་བརྒྱངས།།
དམངས་ཀྱི་ཤེས་བཅུད་རྒུད་མེ་ཏོག་རྩེ་ཁ་གས།།
སྟོད་པའི་གྲོང་ཚོ་ནས་བྱང་ཁོག་ཆགས་པས་བཟི།།
མཆུ་ཏོས་རྨི་ལམ་བརྡར་བཟོ་ཚོང་མགོ་བོ་དུད།།
ངག་གི་ཇུས་འགོད་ལ་ཐོད་པ་ས་ལ་དཔར།།
ཡ་གིའི་མཆོད་སྟེགས་ནས་སྤྱན་ཆབ་ཤར་ཤར་བབས།།
ཁྱི་ཕག་ངང་གིས་འཕེན་རྐུབ་སྐྱགས་ཚ་ངད་ཕོག།
ཇ་ཕོར་གཡར་མ་འདི་ཟས་ཀྱི་ལྷག་མ་བཅུགས།།
རྒྱལ་སྤྱིའི་ཁྲོམ་ར་ན་གངས་རི་བྲིན་ཏེ་འོ།།
ལོ་རྒྱུས་གོད་ཆག་ལ་ལྷོད་ཤ་སུ་ཡིས་སྟེར།།
ལོ་འདིའི་ཆུ་ལོག་ལ་འུར་གྱི་སྨུག་འགོ་ལངས།།
རྨི་ལམ་ཐེད་པོ་ཞིག་རི་བོའི་སྐེད་ལ་བྱིབས།།
ཆབ་སྲིད་སུག་པ་འང་ངག་གིས་སྐྱོར་གྱིན་ན།།
ཡུགས་མའི་སྐྲ་ཉག་ཀྱང་ན་བཟའ་བསྡོམས་ཐག་རེད།།
ང་ཚོས་ད་དུང་ཡང་རུལ་པའི་གྱོད་ཁ་ནས།།
ཐ་སྙད་ལྗིད་པོ་རེར་རྣ་བུག་བསྐྱལ་ཏེ་འོང་།།
དབེན་པའི་མལ་ཁྲི་འང་མུན་པར་འདྲེས་སོང་ངོ་།།
གཟན་འོག་མདེའུ་དེ་གནའ་བོའི་གཏམ་རྒྱུད་མོད།།
དུས་ཀྱི་མདའ་རྩེ་ལ་ཤེས་རབ་མ་ཟུག་པས།།
ཕལ་གཤིས་སྐོར་བྲོ་ཞིག་མིག་ཁར་ཕབ་ལ་སྐྲག།
ད་ནི་ཅིས་ཀྱང་ནས་རྣམ་རིག་རྒོད་དགོས་འདུག།
ལྕགས་སྒོ་སྐྱ་བོ་ན་ཙིར་སྒྲ་མང་ཙམ་གདའ།།
ལྷིང་འཇགས་རི་ཁྲོད་ཚོས་ཏིང་འཛིན་མ་སྒོམ་ན།།
ལམ་གྱི་བཞི་མདོ་འདིར་ཟེད་ཀ་ན་བུན་བཅས།།
དངོ་ཁ་རུམ་ལ་བསྡུས་ཁ་དོག་མདོག་ཆེན་ཡིན།།
སྒོ་བྱང་མཐོ་པོའི་ངོས་སེམས་ཀྱིས་དྲན་གསོ་བྱོས།།
གདོང་གི་གྲིབ་ཡོར་ལ་དཀར་རྩི་ཡང་ཡང་བྱུགས།།
ཤཱཀྱའི་དབུ་འཕང་འདི་ང་ལ་རིན་ཐང་ཆེ།།
༢༠༡༥/༨/༢༧ ཉིན་བྲིས།
ངེད་དྲ་ཚིགས།