ང་ཚོས་ངེས་པར་དུ་ཞིས་ཅིང་ཕིན་དཀར་འདོན་བྱ་དགོས།

སད་མི།

        མ་གཞི་ད་ཐེངས་རྒྱ་ནག་གིས་བོད་སྐོར་བཞུགས་མོལ་ཚོགས་འདུ་གྲོལ་མ་ཐག འཐབ་ཕྱོགས་གཅིག་གྱུར་པུའུ་གཞུང་འབྲེལ་སྐད་འཕྲིན་དྲ་བ་ལས་གོང་ས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་འདི་འདས་ད་མ་འོངས་ནམ་ཡང་ངོས་ལེན་མེད་ཅེས་ཚོགས་འདུའི་གྲོས་ཆོད་སྤེལ་ཏེ་དབུ་མའི་ལམ་ས་གཏོར་གནམ་གཡུག་བྱས། རེད་དེ་ང་ཚོ་བཙན་བྱོལ་བོད་མིའི་ངོས་ནས་ངེས་པར་དུ་ཞིས་ཅིན་ཕིང་འགེབས་སྲུང་དང་ཞིས་ཞེན་བྱེད་ཀྱི་ཡོད།

           སྤྱིར་བཏང་བྱས་ན། ཞིས་ཅིན་ཕིང་ཟེར་བའི་མི་འདི་སྒང་ལ་སླེབས་པ་ནས་བཟུང་། ཁོས་ཁྱོན་ཡོངས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྐེ་རྩ་སྦར་གཅུར་བྱས་བྱུང་། དཔེ་མཚོན་བཅུ་ཁ་ཞིག་བགྲང་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་རྒྱ་གཞུང་ལས་བྱེད་ཁྲི་ཚོ་གཉིས་བཅའ་སྡོད་བྱེད་དུ་བཅུག་ནས་ཞིང་འབྲོག་མི་དམངས་ཚོའི་རྐང་ལག་རྐྱང་སྐུམ་ཚུན་ཡར་ཞུ་བྱ་དགོས་པའི་ཚད་དུ་བསྐྱལ།  ལྗོངས་ཕྱིར་སློབ་གཉེར་འགྲོ་མཁན་གྲྭ་བཙུན་ཡོངས་སུ་རྫོགས་པ་ཕ་ཡུལ་དུ་བཙན་འགུག་བྱས། ལྗོངས་ནང་ཁུལ་དུ་བོད་མིས་ཁ་པར་ཨང་ཀི་གཅིག་ལས་ཉོ་མི་ཆོག་ལ་སྒོར་མོ་ནང་འཇུག་བྱས་ནའང་ཐོབ་ཐང་ལག་ཁྱེར་སྟོན་དགོས།  ལྗོངས་ནང་ཁུལ་གྲོང་གསེབ་ཡན་དུ་རྒྱལ་གཅེས་སློབ་གསོ་ལྡབ་འགྱུར་གྱིས་མང་དུ་བཏང་ནས་མི་སེར་འཚོ་བ་དཀའ་ཁག་དཔེ་མེད་བཟོས། ཉེ་ཆར་བཏོན་པའི་དགག་ཡིག་རྒྱབ་ཤ་དཀར་པོའི་རྣམ་འགྱུར་སྔོན་ཚུད་གང་ལས་ཀྱང་ངམ་གནག་ཅིང་གདུག་རྩུབ་ལྷག་ཏུ་ཆེ། ཞིས་ཀྱི་ཁ་རྒྱབ་དཔུང་རོགས་ཡོད་དུས་ཀྲུའུ་ཡིས་སྐད་ཤུགས་ཆེན་པོས་དབུ་མའི་ལམ་འདི་ཉིད་མི་མགོ་སྐོར་གཏོང་བྱེད་རེད་ལབ།  ད་ཐེངས་བོད་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བས་སླར་ཡང་དབུ་མའི་ལམ་ས་གཏོར་གནམ་གཡུག་བྱས། ཞིས་ཅིན་ཕིང་འདིས་ཤུགས་ཕུད་དེ་རྒྱལ་སྤྱིར་གནོན་ཤུགས་སྤྲད་པས་གོང་ས་མཆོག་གི་རྒྱལ་སྤྱིའི་འཁོར་རྒྱ་ཇེ་ཆུང་ཇེ་དོག་ཏུ་བཏང་། ད་དུང་བོད་ཕྱི་ནང་འགྲོ་འོང་ཕལ་ཆེར་རྒྱུན་བཅད་ཚར་ཡོད།

          སྤྱིར་བཏང་དེ་འདྲ་རེད་དེ། ང་ཚོས་ནི་ཅིས་ཀྱང་ཞིས་ཅིན་ཕིང་ལ་ཞེན་ཁོག་བྱ་དགོས། དེ་ཅིའི་ཕྱིར་དུ་རེད་ཟེར་ན།  ཞིས་ཅིན་ཕིང་འདིར་སྐུ་མདུན་གྱིས་བསྟོད་ར་གཏོང་གི་ཡོད་དུས། ཞིས་ཅིན་ཕིང་ཕ་རྒན་རྒྱལ་པཎ་གཉིས་ཀས་ངོ་ཤེས་ཀྱི་ཡོད་དུས། ཞིས་ཅིན་ཕིང་ལ་རྒྱ་ནག་གཞུང་གི་དབང་ཆ་ཚང་མ་ལག་པར་རག་རྗེས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་དུས། ཞིས་ཅིན་ཕིང་ནག་མོས་རྒྱ་སྤོས་སྤར་ཏེ་ནང་པ་ཆགས་ཡོད་དུས། ཞིས་ཅིན་ཕིང་འདིས་ཡོ་རོབ་ཏུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ནང་པའི་རིག་གནས་སྐོར་ལབ་ཡོད་དུས། ཞིས་ཅིན་ཕིང་འདིས་བོད་སྐོར་བཞུགས་མོལ་ཚོགས་འདུ་བསྐོངས་ཡོད་དུས། ཞིས་ཅིན་ཕིང་འདིས་ལྐོག་ཟ་རུལ་སུངས་བ་བཙོན་ཁང་ལ་འཇུག་གི་ཡོད་དུས། ཞིས་ཅིན་ཕིང་གདོང་པ་གདུག་རྩུབ་ཆེ་མདོག་ཁ་པོ་མེད་པ་ཡིན་དུས་ཟེར།

          མ་གཞི་ང་ཚོས་ཞིས་ཞེན་བྱ་དགོས་པའི་རྒྱུ་མཚན་དེ་དག་རེ་རེ་ནས་ཅི་འདྲའི་ཡ་ང་པོ་དང་། གླེན་རྟགས་ཚ་པོ། གཏན་ཚིགས་ཉི་ཚེ་བ། སྒྲུབ་བྱེད་ལྟར་སྣང་ཅན་ཤ་སྟག་རེད་མོད། ངས་ནི་མཐོ་ས་མཐོ་ས་ཚོ་ལ་སྤྲེལ་ལད་ངོ་དགའ་ཤོད་རྒྱུ་རྩ་དོན་ཡིན་དགོས། མ་གཞི་བོད་རྒྱའི་གནད་དོན་སྐོར་ལ་བོད་ཚང་ཅི་ལྟར་གྱོང་རག་བཞིན་ཡོད་ནའང་།  རང་ཉིད་ནི་ཆེས་རྩ་ཆེ་བའི་མཐར་ཐུག་གི་རིན་པོ་ཆེ་ཡིན་དུས་ཉེ་འཁོར་མི་སུ་དང་གང་ལའང་ཁ་རྩོད་སྣ་རྩོད་མེད་པར་སོ་སོ་སྐྱིད་པོ་གཏོང་དགོས། ཞོར་དུ་ཤེས་རབས་འཇོན་རབས་བརྒྱ་ཙམ་བཤད་ནས་ཡིག་རིགས་གཞན་ཅི་ཡང་མི་ཤེས་ལ་ལྟ་མཐོང་ཆུང་བའི་བོད་མི་དག་གི་བློ་ཡིད་འགུག་དགོས།

         གཅིག་བྱས་ན། ངའི་བྱེད་སྟངས་འདི་ཏང་ཀྲུང་དབྱང་གི་ཕྱག་ལས་གནང་སྟངས་འདྲ་བོ་ཡོད་སྲིད། འོ་ནའང་ངས་ནི་རྣམ་པ་འདི་འདྲ་ཞིག་ལས་འགྱུར་བ་གཏོང་མི་སྲིད།

          བློ་ཡིད་ཕངས་པ་ཞིག་ལ། ང་ཚོས་རེ་སྟོང་འཆང་སའི་ཞིས་ཅིན་ཕིང་འདིས་ལས་ཀ་ཡག་པོ་ཅི་གང་བྱེད་ཀྱི་མེད། ཁོས་བསམ་ན། ཀྲུང་དབྱང་གིས་མུ་མཐུད་བོད་དུ་མི་སེར་སྤོ་བཤུག་ཡག་པོ་བྱེད་པ་དང་། ཞོར་དུ་མེ་མདས་བརྟན་ལྷིང་ལ་གཞོགས་འདེགས་དྲ་མ་བྱས་ན། ད་གཟོད་བོད་འདི་ཉིད་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་བསྐྱུར་ཐུབ་པར་འགྱུར་ལ། དུས་རབས་ཕྱེད་གོང་མིག་བཙུམས་ཏེ་སྡིག་ལག་བརྐྱངས་པའི་དོན་གོ་ཆོད་ཡོང་བསམས།  ཞིས་ཅིན་ཕིང་འདིས་ད་ཐེངས་ཀྱི་བོད་དོན་བཞུགས་མོལ་ཚོགས་འདུའི་གཏམ་བཤད་ལས་ཀྱང་མི་རིགས་མཉམ་བསྲེས་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཤུགས་སྣོན། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། (དོན་དུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རིག་གནས་ཟེར་བ་རྒྱ་ནག་གིས 1949 ལོར་གསར་བཟོ་བྱས་པའི་མི་རིགས་རིག་གནས་ཤིག་ལས། དོན་དངོས་སུ་མི་རིགས་རིག་གནས་དེ་འདྲ་ཞིག་ཤེས་བྱར་མ་གྲུབ། ཁོས་ཟེར་ན་བོད་སོག་ཤར་ཏུ་ཁི་སི་ཐན་ལ་སོགས་པའི་ད་ལྟའི་རྒྱ་ནག་མངའ་ཁོངས་ན་ཡོད་པའི་མི་རིགས་ལྔ་བཅུ་ང་དྲུག་པོའི་གོང་བུ་དེ་ལ་ཀྲུང་ཧྭ་མི་རིགས་རེད་ཟེར། དེ་ཐམས་ཅད་ཀྱི་ཐུན་མོང་རིག་གནས་ལ་ཀྲུང་ཧྭ་རིག་གནས་རེད་ཟེར) བཅས་ལ་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཟེར་བ་དང་སྦྲགས་ཏེ། མི་རིགས་སོ་སོས་རང་ཉིད་ཀྲུང་ཧྭ་མི་རིགས་ཡིན་པ་དང་རང་ཉིད་ཀྱི་རིག་གནས་ཀྲུང་ཧྭ་རིག་གནས་ཡིན་པར་ངོས་ལེན་བྱ་དགོས་ཟེར།

         མདོ་དོན་ཞིས་ཅིན་ཕིང་ལས་ཀ་མདོར་དྲིལ་ན།  བོད་དུ་མུ་མཐུད་མི་སེར་སྤོ་བཤུག་བྱ་རྒྱུ་དང་། བོད་མི་རྒྱ་མི་ཅན་དུ་བསྒྱུར་རྒྱུའི་རྩ་དོན་གཉིས་རང་ན་འདུ། ལས་ཀ་འདི་གཉིས་ཀྱི་ཆེད་དུ་ཕ་མགོ་འཚོང་དགོས་ནའང་བཙོངས་ནས་མ་འོངས་ལོ་བརྒྱ་ཉིས་བརྒྱའི་མཚམས་སུ། བོད་བཙན་པོའི་མི་རྒྱུད་ཀྱི་ཚབ་མཚོན་རིག་གནས་དང་ཆས་གོས་ཆ་ལུགས་དེ་དག་ལོ་རྒྱུས་འགྲེམ་སྟོན་ཁང་དུ་བཤམ་དགོས་སྙམ་པའི་བྱ་བྱེད་འབའ་ཞིག་ལས་ཅི་གང་མེད་དོ།

༢༠༡༥།༨། ༢༧

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s