གཅིག་དུ་བྲལ་སྐོར་གྱི་ཟིན་བྲིས།




ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་སྐུ།

༄༅།། འདྲེན་མཆོག་ཟླ་མེད་ཐུབ་དབང་སྨྲ་བའི་རྗེ།། དེ་སྲས་ཐུ་བོ་འཕགས་མཆོག་རྣམ་གཉིས་དང་།། ལེགས་ལྡན་རྗེས་འབྲང་ཞི་འཚོ་ཡབ་སྲས་བཅས།། རྩེ་གཅིག་ཕྱག་གི་ཡུལ་དུ་མཆོད་བྱས་ཏེ།། བདག་གིས་ཟབ་མོ་དབུ་མའི་ལྟ་བ་མཆོག། ཇི་བཞིིན་རྙེད་ཐབས་ལུང་རིགས་ཟབ་མོའི་ལམ།། རང་རྒྱུད་གཅིག་དུ་བྲལ་གྱི་གཏན་ཚིགས་སྐོར།། དོགས་སློང་ཟིན་བྲིས་འདེབས་ལ་སྤྲོ་བ་འཕེལ།། སྤྱིར་ན་ཐལ་རང་གཉིས་ཀྱི་ལྟ་བའི་གནད།། གཅིག་ཏུ་གྲུབ་མིན་དང་ནི་ཁྱད་འབྱེད་ཚུལ།། ཟབ་མོ་དབུ་མའི་སྐབས་སུ་ལུང་རིགས་ཀྱིས།། དཔྱད་པ་ཕྲ་མོའི་ལམ་ནས་འཇུག་པ་གཅེས།། འདིར་ནི་བདག་མེད་སྒྲུབ་པའི་གཏན་ཚིགས་ལ།།རིགས་པའི་རྒྱལ་པོ་རྟེན་འབྲེལ་སོགས་མང་ཡང་།། སློབ་དཔོན་ཞི་འཚོ་ཡབ་སྲས་ཀྱིས་བསྔགས་པའི།། གཅིག་དུ་བྲལ་གྱི་གཏན་ཚིགས་སྐོར་ལ་དཔྱད།། ཐོག་མར་དགག་བྱའི་གྲུབ་ཚད་ཤེས་དགོས་པས།། ཡིག་ཆར་དགག་བྱའི་གྲུབ་ཚད་འཇོག་པ་ན།། བློ་ལ་སྣང་བའི་དབང་གིས་བཞག་མིན་པར།། ཡུལ་གྱི་སྡོད་ལུགས་ངོས་ནས་གྲུབ་པ་བཞག། འདི་ཡི་འཛིན་ཚུལ་ལེགས་པར་བསམས་པ་ན།། བློ་ལ་སྣང་བའི་དབང་གིས་བཞག་མིན་དང་།། ཡུལ་གྱི་སྡོད་ལུགས་ངོས་ནས་གྲུབ་པ་ཡི།། གཞི་མཐུན་འཛིན་ཚུལ་ལས་གཞན་འཇོག་དཀའ་མོད།། དེ་ལྟ་ན་ནི་བློ་ལ་སྣང་དབང་གིས།། འཇོག་ཚུལ་ལེགས་པར་རྟོགས་ན་དེའི་ལྡོག་ཕྱོགས།། དགག་བྱ་ཁེགས་པར་འགྱུར་བར་རྣམ་འགྲེལ་གྱི།། དངོས་འགལ་སྒྲུབ་པའི་རིགས་ལམ་ཕྲ་མོས་འདེད།། དེ་ཙམ་གྱིས་ནི་དགག་བྱ་ཁེགས་འདོད་ན།། རང་སྡེ་འོག་མ་ཡིས་ཀྱང་ཁེགས་འགྱུར་སྙམ།། འོན་ཀྱང་བློ་ཡིས་འཇོག་ཚུལ་འདྲ་མིན་དང་།། འཇོག་བྱེད་བློ་ལའང་ཁྱད་པར་ཡོད་ལུགས་ཤིག། འཇུག་པའི་ཊིཀ་ཆེན་དང་ནི་ལེགས་སྙིང་དུ།། ཡང་ཡང་གལ་ཆེར་གསུངས་པས་ཚུལ་བཞིན་དཔྱད།། ལྷག་པར་དགག་བྱ་ཁེགས་ཚུལ་བཤད་པ་ན།། འཇོག་ཚུལ་དེ་ལ་འདི་འདྲ་ཞིག་ཀྱང་དོགས།། དགག་བྱ་ཕྲ་མོ་རྣམ་པར་བཅད་པ་ན།། བློ་ཡིས་བཞག་པ་ཡོངས་སུ་གྲུབ་དགོས་པས།། དེ་ཉིད་མཉམ་བཞག་ཡུལ་དུ་གྲུབ་པ་དང་།། མེད་དགག་ཐལ་བར་འགྱུར་མིན་རིགས་པས་གཞིག། གཞན་ཡང་དགག་བྱའི་གྲུབ་ཚད་ཡོད་མེད་དང་།། དེ་ཉིད་བློ་ལ་འཆར་ཚུལ་ཅི་ཡིན་ནས།། དགག་བྱ་ངོས་འཛིན་བློ་དེ་ཚད་མ་དང་།། ཡིད་དཔྱོད་སོགས་སུ་བཞེད་སྲོལ་ཡོད་མོད་ཀྱང་།། ཡིག་ཆར་དབུ་མའི་སྐབས་སུ་བདེན་གྲུབ་ཀྱི།། དོན་སྤྱི་ལེགས་པར་ཤར་དགོས་ཞེས་གསུངས་པས།། ལམ་རིམ་ལེགས་སྙིང་དང་ནི་ལྟ་ཁྲིད་སོགས།། ལེགས་པར་བསྡུར་ཏེ་དཔྱད་པ་གནད་དུ་ཆེ།། དེ་བཞིན་བདེན་གྲུབ་དབང་པོའི་ཤེས་པ་ལ།། སྣང་མིན་བཞེད་པ་སོ་སོར་འཆད་སྐབས་སུ།། སློབ་དཔོན་སོ་སོའི་བཞེད་ཚུལ་ངོས་འཛིན་གྱིས།། ཕྱི་དོན་སྣང་ལུགས་དང་ནི་འདྲ་མིན་བརྟག། འགག་ཞིག་རིགས་ངོའི་བདེན་གྲུབ་མི་འཆར་གསུངས།། ཁ་ཅིག་མི་སྣང་བ་དེ་མི་སྣང་ཟེར།། ལ་ལས་ཆ་མེད་འཆར་དུ་མི་རུང་ཟེར།། གང་ལྟར་སྔ་མ་དེ་ལ་འདི་ལྟར་དོགས།། རིགས་ངོའི་དགག་བྱ་ལུགས་གཞན་གང་ལ་ཡང་།། དབང་པོའི་ཤེས་པར་མི་སྣང་ཁྱད་མེད་པས།། ལུགས་འདིར་དམིགས་བསལ་དཔྱད་དགོས་མ་མཆིས་ཤིང་།། ལྷག་པར་སྐབས་འདིའི་དགག་བྱ་ངོས་འཛིན་སྐབས།། བདེན་འཛིན་ལྷན་སྐྱེས་ཀྱི་ནི་འཛིན་ཚུལ་སྐོར།། འཆད་བཞིན་སྐབས་འདིར་འཇོག་བྱེད་གཉིས་གསུངས་ནས།། བདེན་སྣང་མེད་པར་གསུངས་པའི་གོ་རིམ་ལ།། བསམས་ན་རིགས་ངོའི་དགག་བྱར་དོགས་མེད་སྙམ།། ཕྱི་མ་རྣམས་ལ་རྟོག་པའི་འཆར་ཚུལ་དང་།། རིམ་བཞིན་བསྡུར་སྟེ་དཔྱད་བློ་འཇུག་པ་དགོས།། སྐབས་འདིར་སྐྱབས་མགོན་དབུ་ཕར་སྡོམ་གཉིས་སུ།། གཞན་དང་མི་འདྲའི་དོགས་སློང་མཛད་པའང་ཡོད།། ལུགས་འདིར་རང་མཚན་དགག་བྱར་འདོད་པ་ལ།། འཇུག་འགྲེལ་ཁུངས་སུ་བྱས་ནས་འགོག་པ་ན།། གསུང་འདིའི་འགྲེལ་ཚིག་ཇི་བཞིན་མཐུན་མིན་དང་།། བྱེ་མདོ་སོགས་ཀྱི་འདོད་ཚུལ་མཚན་གཞི་བཅས།། ལྷག་མཐོང་ཆེན་མོ་སོགས་ལས་ཤེས་ནུས་ཀྱང་།། རྩ་བའི་ཐལ་རང་གཉིས་ཀྱི་དགག་བྱའི་ཁྱད།། འཇམ་མགོན་བླ་མའི་ཐུན་མིན་བཞེད་ཚུལ་དེ།། རིམ་པས་གཞུང་ཆེན་རྣམས་ལས་ངེས་པ་འཚོལ།། དངོས་གཞི་གཏན་ཚིགས་རང་ལ་འཇུག་སྐབས་སུ།། བདེན་མེད་གསར་སྒྲུབ་གཏན་ཚིགས་ཡིན་མིན་དང་།། རྟགས་ཆོས་དོན་གསུམ་འཇོག་ཚུལ་གང་ཡིན་བཅས།། ཚུལ་བཞིན་དཔྱད་ནས་མཐུན་ཕྱོགས་ལེགས་པར་འཇོག། དེ་བཞིན་ཕྱོགས་ཆོས་གྲུབ་སྐབས་བདེན་གྲུབ་ཀྱི།། གཅིག་དང་དུ་བྲལ་ངེས་མིན་འདི་ལྟར་དཔྱད།། ངེས་ན་ཆོས་ཅན་གཞི་ལམ་རྣམ་གསུམ་དེ།། བདེན་པའི་དུ་བྲལ་ངེས་ན་བདེན་མེད་ཀྱང་།། ངེས་པར་འགྱུར་ཏེ་ཆོས་ཅན་ཐ་སྙད་དུ།། ཐ་དད་པ་འམ་དུ་མ་ཡིན་པས་སོ།། མ་ཁྱབ་ཅེ་ན་ཆོས་ཅན་མྱུ་གུའི་སྟེང་།། དོན་དམ་སྐྱེ་བ་ཁེགས་ན་དགག་བྱ་དེ།། ཁེགས་པར་ངེས་པའི་རྒྱུ་མཚན་འཚོལ་དགོས་ཤིང་།། མཐའ་བཞི་མཐའ་བདུན་སོགས་ལའང་དཔྱད་ན་ལེགས།། རྟགས་སུ་བཀོད་པའི་དུ་བྲལ་སོགས་ངེས་ཀྱང་།། སྤྱིར་ན་བདེན་པའི་དུ་བྲལ་མ་ངེས་ཟེར།། དེ་ལྟར་འདོད་ན་རྟགས་དེ་ངེས་ཚུལ་སོགས།། དོགས་པ་མང་ཡང་ཕྱོགས་ཆོས་གྲུབ་ཚུལ་ཙམ།། མི་དཀའ་སྲིད་ཀྱང་རྟགས་ཆོས་འབྲེལ་བ་སོགས།། ཇི་བཞིན་གྲུབ་སྟངས་འཇོག་པ་དཀའ་ཚོད་སྣང་།། ད་དུང་ཕྱོགས་ཆོས་སྒྲུབ་བྱེད་འགོད་སྐབས་སུ།། བདེན་པའི་གཅིག་བྲལ་དང་ནི་དུ་བྲལ་གཉིས།། རིམ་བཞིན་བསྒྲུབ་པར་དང་པོའི་སྒྲུབ་བྱེད་དུ།། ཆ་བཅས་རྟགས་སུ་བཀོད་པར་འདི་ལྟར་དོགས།། ཆོས་ཅན་གཞི་ལམ་རྣམ་གསུམ་རྟོགས་པ་ན།། དེ་འཛིན་རྟོག་པར་འཆར་ཚུལ་མི་འདྲ་བས།། དེ་ལྟ་ན་ནི་རྟོག་མྱོང་རང་རིག་གིས།། མྱོང་བྱའི་འཆར་ཚུལ་སོ་སོར་རྟོགས་ཟིན་འགྱུར།། དེས་ན་ཆོས་ཅན་ཐ་དད་གྲུབ་ཟིན་པས།། དེའི་སྟེང་གཅིག་དང་བདེན་པའི་གཅིག་གིས་ཀྱང་།། སྟོང་པ་ངེས་མིན་དངོས་འགལ་རིགས་པ་དང་།། སྤྱི་བྱེས་སྟོང་པ་ངེས་ཚུལ་སོགས་ཀྱིས་གཞལ།། ད་དུང་ཆོས་ཅན་འདྲ་མིན་རྟག་པ་དང་།། རྣམ་ཤེས་ལ་སོགས་ཆ་བཅས་རྟོགས་ཚད་དང་།། བུམ་སོགས་ཆོས་ཅན་མངོན་སུམ་རྟོགས་ནུས་རིགས།། ཆ་བཅས་བསྒྲུབ་དགོས་མེད་པའི་གསུང་ལའང་དཔྱད།། གཏན་ཚིགས་དེ་གའི་ཕྱོགས་ཆོས་སྒྲུབ་བྱེད་དུ།། ཆ་མེད་ཤེས་བྱར་མི་སྲིད་བཀོད་བྱས་ཀྱང་།། རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཆོས་ཅན་ལ།། ངེས་སླའི་ཁྱད་པར་ཡོད་མེད་ཞིབ་ཆ་དགོས།། བདེན་པའི་དུ་མ་མེད་པའི་རྒྱུ་མཚན་དུ།། བདེན་པའི་གཅིག་ཏུ་མེད་པ་བཀོད་འདུག་པར།། གཞི་གང་དུ་མར་མེད་པའི་སྒྲུབ་བྱེད་དུ།། གཅིག་ཏུ་མེད་པ་བཀོད་ན་འགལ་ཁྱབ་འགྱུར།། དེས་ན་རྟགས་འདི་སྒྲུབ་བྱེད་འགྲོ་ཚུལ་དང་།། མཐུན་དཔེ་ནས་ཕུང་སོགས་ཀྱིས་དཔེ་བྱེད་སྟངས།། ཇི་བཞིན་དཔྱད་དེ་རིགས་པ་རྣམ་དག་གིས།། ཕྱོགས་ཁྱབ་གྲུབ་ཚུལ་སོགས་ལ་རྟོག་བློ་འཇུག། གཞན་ཡང་རྩ་བའི་རྗེས་གྲུབ་གྲུབ་ཚུལ་སྐབས།། མཐུན་དཔེའི་སྟེང་དུ་ཁྱབ་པ་རགས་པ་ཞིག། གྲུབ་ཚུལ་ལམ་རིམ་སོགས་ལ་གཞི་བཅོལ་ཏེ།། གང་དུ་སྣང་བ་དེ་ཡིས་སྟོང་ཚུལ་འཇོག། འོན་ཀྱང་དེ་ལའང་ཕྲ་རགས་སོགས་ཡོད་པས།། གཟུགས་བརྙན་སྟེང་དུ་ཕྲ་མོ་མ་རྟོགས་པར།། དེའི་སྟེང་དེ་ཉིད་རྟོགས་པ་འཇོག་དཀའ་སྟེ།། ཡང་ལོག་ཀུན་རྫོབ་མཚན་ཉིད་འཇོག་སྐབས་སུ།། འདི་ལྟར་གཟུགས་བརྙན་སྟེང་དུ་ཇི་ལྟ་བུར།། སྣང་བ་སྣང་བ་ལྟར་དུ་མ་གྲུབ་པ།། འཇིག་རྟེན་རང་དགའ་བས་ནི་མི་རྟོགས་ཞེས།། ཕྱོགས་སྔ་འགོག་ཚུལ་སོགས་ལ་བློ་མིག་གཡོ།། རྗེས་ཁྱབ་ཚད་མས་གྲུབ་པར་ཚད་མ་གསུམ།། སྔོན་དུ་འགྲོ་དགོས་དཔེ་རུ་བྱས་མི་རྟག། གཏན་ཚིགས་བཀོད་ནས་ནན་ཏན་བསྒྲུབས་བྱས་ཀྱང་།། ཆོས་ཅན་མཐུན་སྣང་སོགས་ལ་བསམས་པ་ན།། ཀུན་རྫོབ་དང་ནི་དོན་དམ་སྒྲུབ་པ་ཡི།། རིགས་པའི་གཏན་ཚིགས་གཉིས་ལ་མི་འདྲ་ཞེས།། ལན་འདེབས་གསལ་པོར་གསུངས་པས་ཚུལ་འདི་གཉིས།། རིགས་པ་ཟབ་མོས་དབྱེ་དགོས་གནད་དུ་མཐོང་།། དེས་ན་ཚད་མ་གཉིས་པའི་དགག་ཆོས་དང་།། སྒྲུབ་ཆོས་དངོས་འགལ་ངེས་པའི་བློར་གང་འཇོག། མཐུན་དཔེ་སོགས་ཀྱི་སྟེང་དུ་དེ་གཉིས་ཀྱི།། གཞི་མཐུན་མི་སྲིད་མཐོང་ལུགས་ཇི་ལྟར་ཡིན།། གཞི་མཐུན་མི་སྲིད་པ་དང་མེད་པ་གཉིས།། ངེས་ཚུལ་ཁྱད་པར་ཡོད་མེད་སོགས་དཔྱད་ཅིང་།། ཡང་སྒོས་ཚད་མ་གསུམ་པ་འཇོག་པ་ན།། དགག་བྱའི་ཆོས་ལ་རྟགས་དེ་འགོག་ལུགས་གང་།། རྟགས་དང་དགག་ཆོས་གཞི་མཐུན་འགོག་གསུངས་ན།། ཡི་གེ་མ་དག་སྐྱོན་དེ་འབྱུང་ལུགས་དང་།། རྣམ་འགྲེལ་སྐབས་སུ་རིགས་པ་ཡང་དག་གིས།། རྗེས་ཁྱབ་གྲུབ་ཚུལ་ལེགས་པར་ཕྱེས་པའི་ཚེ།། རིགས་ལམ་ཕྲ་མོས་རྟག་དང་བྱས་པ་ཡི།། གཞི་མཐུན་འགོག་ཚུལ་དང་ནི་བྱས་པ་དང་།། རྟག་པའི་གཞི་མཐུན་འགོག་ཚུལ་ཁྱད་ཆེ་བཞིན།། འདིར་ཡང་དེ་འདྲའི་ཞིབ་ཆ་འབྱེད་ཟེར་ན།། སྤྱིར་ན་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ།། གང་ཡིན་ན་ཡང་གཉིས་ཀའི་འབྲེལ་བ་དེ།། འབྲེལ་པོ་ཉིད་ལ་ཡོད་པ་ལུང་རིགས་ཀྱིས།། གྲུབ་པས་རྟགས་འདིའི་མཚན་གཞིར་ཇི་ལྟར་ངེས།། རྟགས་དེའི་སྟེང་དུ་ངེས་ན་རྟགས་ཆོས་ཀྱི།། འབྲེལ་བའི་དོན་ལྡོག་ཕྱོགས་གཅིག་བདེན་མེད་ཉིད།། ལྡོག་པའི་སྟོབས་ཀྱིས་བདེན་པའི་གཅིག་བྲལ་དང་།། དུ་བྲལ་ལྡོག་པར་ངེས་དགོས་དེ་ལྟར་ན།། རྟགས་ཀྱི་སྟེང་དུ་བདེན་པར་གྲུབ་པ་དང་།། བདེན་པའི་གཅིག་བྲལ་དང་ནི་དུ་བྲལ་གྱི།། གཞི་མཐུན་མེད་པར་ངེས་ལུགས་རྣམ་འགྲེལ་གྱི།། རིགས་ལམ་དྲངས་ཏེ་དཔྱད་ན་འདི་ལྟར་འགྱུར།། བདེན་པའི་གཅིག་བྲལ་དུ་བྲལ་གང་རུང་དུ།། ཐ་སྙད་ཚད་མའི་ཡུལ་དུ་གྲུབ་པས་ན།། དེ་དང་བདེན་གྲུབ་གཞི་མཐུན་འགོག་ཚུལ་དེ།། བདེན་གྲུབ་འགོག་ལུགས་དེ་ལས་གཞན་དཀའ་སྙམ།། གཞན་ཡང་གཅིག་དུ་བྲལ་གྱི་གཏན་ཚིགས་འདི།། ཁྱབ་བྱེད་དང་ནི་རང་བཞིན་མ་དམིགས་པའི།། གཏན་ཚིགས་དང་ནི་ཐ་སྙད་སྒྲུབ་སོགས་ལས།། གང་ཡིན་བཞེད་ཚུལ་འདྲ་མིན་མང་དུ་གསུངས།། ཡིག་ཆར་ཞི་འཚོ་ཡབ་སྲས་ཁུངས་བྱས་ཏེ།། ཁྱབ་བྱེད་མ་དམིགས་གཏན་ཚིགས་ཡིན་ནོ་ཞེས།། ཁས་བླངས་གསུངས་ཀྱང་རྒྱུ་མཚན་མི་གསལ་བས།། འདི་ལ་ལུང་རིགས་དུ་མས་བརྟག་པ་འཇུག། ལར་ནས་རང་བཞིན་མ་དམིགས་གཏན་ཚིགས་དང་།། ཁྱབ་བྱེད་མ་དམིགས་ཁྱད་པར་འབྱེད་ཚུལ་ལ།། འབྲེལ་བ་རང་དབང་ཅན་སོགས་དགོས་མིན་དང་།། དོན་ལྡོག་བཀག་པ་རྟགས་སུ་ངེས་མིན་བཅས།། ཚད་མའི་ལམ་བསྒྲིགས་དང་ནི་དར་ཊིཀ་སོགས།། འབྲེལ་ཡོད་ཚད་གཞུང་དག་ལ་དཔྱད་གཟིགས་ཀྱིས།། དབུ་མ་རྒྱན་གྱི་བརྗེད་བྱང་སོགས་བསྡུར་ཏེ།། ཁྱབ་བྱེད་མ་དམིགས་ཡིན་པའི་རྒྱུ་མཚན་འཚོལ།། དེ་མཚུངས་རྩ་བའི་ཁྱབ་པ་ངེས་བློ་དང་།། སྤྱིར་ན་ཁྱབ་པ་ངེས་པའི་ཚད་མ་དེས།། ཆོས་ཅན་ཀུན་ལ་ཁྱབ་མེད་འཛིན་པ་ཡི།། སྒྲོ་འདོགས་ཆོད་མིན་སོགས་ལའང་འདི་ལྟར་དཔྱད།། རྟོགས་པ་དང་ནི་སྒྲོ་འདོགས་ཆོད་པའི་ཚད།། མི་འདྲའི་ཁྱད་པར་ཡོད་མེད་རྣམ་འགྲེལ་གྱི།། ཞིབ་ཚགས་རིགས་པས་ཐག་གཅོད་མཛད་དགོས་པས།། དོན་དེར་ལུང་རིགས་བསྡུར་ཏེ་ནན་ཏན་འཇུག། དེ་ཡང་རྣམ་བཤད་གཉིས་ཀྱི་གསུང་ཚིག་ཐད།། ཡིག་ཆས་དགོངས་པ་ལེན་ཕྱོགས་གང་མཛད་དང་།། རྩ་ཤེས་ཊིཀ་ཆེན་དང་ནི་ཚད་མ་ཡི།། ལམ་བསྒྲིགས་གཉིས་ཀྱང་མཐུན་མིན་ཞིབ་པར་དཔྱད།། ལྷག་པར་མཁྱེན་གསུམ་ངོ་བོ་བྱེད་ལས་བཅས།། ལེགས་པར་གྲུབ་པ་རྟགས་འདིའི་དགོས་དམིགས་ལྟར།། མཁྱེན་གསུམ་ཇི་ལྟར་སྒྲུབ་ཚུལ་གོ་རིམ་སོགས།། ཇི་བཞིན་ངེས་ཐབས་སྐོར་ལ་འཇུག་པ་གཙོ།། དེ་ལྟར་གཅིག་དུ་བྲལ་གྱི་གཏན་ཚིགས་སྐབས།། འཕགས་པ་ཡབ་སྲས་རྣམ་པའི་གསུང་རབ་དང་།། དབུ་མ་སྙིང་པོ་དང་ནི་རྒྱན་སྣང་སོགས།། འཕགས་ཡུལ་མཁས་པའི་གཞུང་རྣམས་གཞིར་བཞག་སྟེ།། དགོངས་འགྲེལ་རྩ་འཇུག་རྣམ་བཤད་ཆེན་མོ་དང་།། ལྷག་མཐོང་ཆེ་ཆུང་ལེགས་བཤད་སྙིང་པོ་སོགས།། དབུ་མའི་གཞུང་ཆེན་རྣམས་དང་ཕར་ཕྱིན་གྱི།། དར་ཊིཀ་སྤྱི་མཐའ་སོགས་ལ་དཔྱད་དགོས་སོ།། དེ་བཞིན་ཚད་མའི་གཞུང་ཆེན་རྣམ་བཤད་དང་།། ཡིག་ཆའི་ཚད་གཞུང་སོགས་ལ་གཟུར་གནས་བློས།། ལེགས་པར་དཔྱད་དེ་རང་ལུགས་འཚོལ་དགོས་པས།། དོགས་གནད་འགའ་ཞིག་དྲན་གསོའི་ཚུལ་དུ་བཀོད།། ཚུལ་འདིའི་དགེ་བས་བདག་གི་རྣམ་དཔྱོད་ཀྱི།། སྒོ་འཕར་ཡངས་པོར་ཕྱེས་ཏེ་ཟབ་མོའི་དོན།། གནས་ལུགས་ཇི་བཞིན་མཐོང་བའི་རྒྱུར་སྨིན་ཏེ།། ཡང་ཡང་སྒོམ་པའི་བློ་གྲོས་འཇུག་ནུས་ཤོག།།

           ཅེས་ཕར་ཕྱིན་གཅིག་དུ་བྲལ་གྱི་གཏན་ཚིགས་དང་འབྲེལ་བའི་དོགས་སློང་འགའ་ཟིན་བྲིས་སུ་བཏབ་པ་འདི་བཞིན་རང་གིས་གཞན་ལ་འཆད་ཁྲིད་བྱེད་ཁུལ་གྱི་སྐབས་དང་བསྟུན། གཏན་ཚིགས་དེ་འབྲེལ་གྱི་དོགས་གནད་ཁག་ལས་དབུ་མའི་སྐབས་སུ་གསུངས་པའི་དཀའ་གནད་ཆེ་བ་རྣམས་དོར་ཏེ། གཞུང་གསར་འཛིན་གྲྭ་ཞིག་གི་བློ་ངོ་དང་འཚམས་པའི་དོགས་སློང་བྱེད་ཕྱོགས་གང་ངེས་ཤིག་རང་གི་ཡིད་ངོར་འཆར་ཕྱིར་རམ་དྲན་གསོ་ཞིག་གི་ཚུལ་དུ་ཤར་མར་ཚིགས་བཅད་ཏུ་བཀོད་པའོ། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ བོད་ཟླ་ ༧ ཚེས་ ༡༥ དགེ་བའི་ཉིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s