–1994ལོར་མཇལ་བའི་སྙན་ངག་པ་འབྲོང་གི་ཁ་བྱང་།

ཙོང་ཁ་ཚེ་བརྟན་རྒྱལ།

ལོ་གསར་ཐོན་ལ་ཉེ།
ཕ་ཡུལ་གང་དང་གང་ན་ཡོད།
དྲན་གདུང་བརྟོལ་ནས་འབྲོ་བསམ་ཡང་།
རི་ཚོགས་ཀྱི་ཕ་རོལ་ལ་ཁ་བ་བརྩིགས་ནས།
འབྲོ་སའི་ལམ་ཡང་ཆད། ད་ནི་ཅི་ཞིག་དང་གང་ཞིག་ལ་འཁྲེང་། ལོ་ནས་ལོ་ནི་ཉིན་མཚན་སྟེ།
མང་མེད་ན་ཉུང་མེད་ན།
བདག་དངོས་གནས་ཅི་ཙམ་བོར།
གྱེས་བྲལ་གྱིས་རྨང་ནས་དཀྲུགས་སྐབས།
ཨ་མ་ལགས  བདག་བོར་ཟིན།  བཞུར་མ་མྱོང་བའི་མིག་ཆུ།
ཚེ་སྨད་ལ་བཞུར་ཚེ།
ཤིན་ཏུ་ཡ་ང་བ  ཤིན་ཏུ་སྙིང་ཉེ་བ།
དོན་དུ་སྦས་ཐབས་མི་འདུག

བདག་ལ་ལོ་ཟླ་ལྷག་མ་མེད་ཕྱིར།
སེམས་སུ་སྐྱིད་ཅིག་ག་ལ་ཡོད།
ཉི་མ་ལ་ཨ་ཕ་དང་།
ཟླ་བ་ལ་ཨ་མ་བརྩི་སྲོལ་གཏིང་ནས་མ་ཤེས།
ཧྲག་བར་ལ་མུན་ནག་འཕྱུར་དུས།
བདག་སྔར་བཞིན་མི་ཡུལ་ལ་འཁྱམས་ཤིང་།
ཕ་ཡུལ་ནི་བཤད་འདོད་པའི་བྱིས་སྒྲུང་མིན་ན།
ཕ་ཡུལ་མེད་པའི་སྡུག་བསྔལ་ལས།
བར་ཐག་གི་གོ་དོན་ནི།
འདི་མིན་གན་མིན་སྟོན་མ་ནུས།
སེམས་ཀྱི་ཟབ་ས་རུ།
ཨ་མ་ལགས  བདག་བོར་ཟིན།
བདག་འཇིགས་ནས་བྲོས་བ་ཡིན།
སྐྱེ་བ་ད་ཐེངས་འཁྱམས་པོའི་ལས་སུ་ཟུག

རྒྱང་རིང་ནས་ཕ་ཡུལ་ཉན་པ་ནི།
རང་སེམས་ལ་ཉན་པ་འདྲ།
ཕ་ཡུལ་གང་དང་གང་ན་ཡོད།
ཡ་གི་མ་གི་ཞེས་པའི་འཕྲུལ་སྣང་གིས།
ཨ་མ་ལགས  བདག་བོར་ཟིན།
བདག་ལ་རྒྱུ་མཚན་མང་པོ་མེད་ཕྱིར།
བདག་བོར་ཟིན་པ་ཐུགས་རྒྱལ་མ་བཞེངས།
གཞིས་བྱེས་ཀྱི་ཆག་སྒོ་འདི།
མི་ཡུལ་ལ་བཀྲམ་པ།
ལོག་འགྲེལ་མིན་པར་སྨོན།
དྲན་ན་བསམ་ན་འདྲི་ན།
བདག་ཕྱིར་འོང་སའི་ལམ་ཡང་བརྗེས་ཚར།
བདག་གི་སྐྱེ་བ།
བདག་བོར་ཟིན  ཨ་མ་ལགས།

༢༠༡༤།༡༢།༢༤–༡༢།༣༡

ངེད་དྲ་ཚིགས།   

དཔྱད་མཆན་སྤེལ།

%d