རི་རབ་ཀྱི་ཕ་རོལ།

_____ སྨྱུག་མདའ།

ནམ་མཁའ་རྒས་སོང
བྱ་ཁྱུ་འུར་སོང
རི་ཐང་ལྷག་སོང
རེ་སྨོན་འཐུ་ཞོར་འཐུ་ཞོར
ནུབ་ཁ་རུ་མིག་ཟུང་ཅེར

མེ་ཁ་གསོས་སོང
གཏམ་རྒྱུད་དམར་པོ་དམར་པོ
ཚིག་གྲུབ་ཀྱི་སྣེ་ལ་གཡེང་སྟེ
སུ་ཚང་གི་རི་མཐའ་རུ་རྐང་ལག་ག་ལེར་བརྐྱངས

ནམ་རྒྱུན་རྨི་ལམ་ལ་དགའ་ཞིང”
སྨོན་ལམ་བཅོལ་མཁན་དེ
ང་འམ་ངེད་ཚང་གི་བར་དོ་པ་དེ་དག་ཡིན

ཡ་མེས་ཀྱི་ཕ་མཁར་དེའང
ངེད་ཚང་གི་སྨོན་ལམ་གྱིས་གྲུབ་པ་ཞིག་གམ
སྨྲེ་སྔགས་རེ་རེར་བར་མེད་དུ་འཁོར་བ
སྨོན་ལམ་དེར་འབྲེལ་བ་ཡོད་ཚོད་འདུག

གསང་བ་དེའི་སྒོ་འགྲམ་དུ་ངུ་སྐད་རྙེད་པ
ཁ་དོག་བན་བུན་ཞིག་ལས་མཐོང་མ་བྱུང
དོ་དགོང་མཁའ་དབྱིངས་ལ་ལྟས་ན
རྐང་ལམ་སྐྱ་བོའི་གཞུང་དུ
མཐོ་སྒང་གི་ཤ་དྲོད་རུམ་པའི་སྙན་ངག་ཅིག”
གྱེར་རྒྱུ་ལོས་ཡིན་སྙམ་ཡོད

༢༠༡༥/༧/༡༦ མཚན་མོར།


འབུ་སེར་སྐྱ་དམར་སྐྱ།

ནམ་མཁའ་སྔོ་ནའང
ས་གཞི་རྡུལ་གྱིས་སྦགས་པར་བྱས
རླུང་ཁམས་ཆེས་ཆེ་བར་གྱུར
འབུ་སེར་སྐྱ་དམར་སྐྱ
མགྱོགས་པོར་གྱེས

ཡིག་འབྲུ་ཞིག་མེད་ནའང
ལྷ་ཡུལ་གྱི་ཐེམ་པ་ནས”དམྱལ་ཁམས་ཀྱི”
གཏིང་ལ་འདུར་འདུར་རྒྱུག
མི་རྣམས་ཆེས་སུན་པར་གྱུར
འབུ་སེར་སྐྱ་དམར་སྐྱ
མགྱོགས་པོར་གྱེས

རེ་ཆད་ཅེས་པའི་ཡིག་འབྲུ་དེའང
གཞུང་ལུགས་དུ་གང་བར་བྱས་སོང
ངུ་སྐད་དང་ཁྲོ་སྐད་སྲེ་བ་ཞིག
འབུ་སེར་སྐྱ་དམར་སྐྱའི
ཁ་ཤུ་ནས་བསྟུད་མར་བབས

གནམ་གཤིས་འགྱུར་ལྡོག་ཁྲོད
འབུ་སེར་སྐྱ་དམར་སྐྱའི་ཚོན་དབྱིབས”
རི་མོར་བྲིས  ཡང་ནས་ཡང་དུ་བྲིས
བྱེ་རྡུལ་གྱི་རི་མོར་འཐིམས

༢༠༡༥/༨/༢༦ ཉིན།


བརྡའ་འཚིག་རོ།

ནམ་མཁའི་རོལ་མོ་ཁྱེད་ཉིད་ཀྱིས་ཐོས་སམ
སྐུད་པ་འཇིག་ནས་རབ་རིབ་ཅིག་རིག
མུན་པས་གློ་ཁུག་དྲུད་དེ”
གློག་ཀླད་ལྐུག་པ་བཟོས་སོང

སྐེ་ཤ་ཚུར་ལ་འཐེན་ཏེ་ཚགས་པར་དཔར་ཚུལ་ན
ཀླད་པ་ཅུང་ཟད་ནངས་མོ་ཞིག་ཏུ་ཕྱིན་པ་རེད

ཤ་དང་མཆིན་པ་འདང་བརྩིས་ཤིག་བཞག་ན
ཁྱེད་ཚོ་དྲན་དུས”རྩྭ་ཐང་ཞིག་དྲན་ནི་རེད

ཡི་གེ་ཞིག་བྲིས  དལ་གྱིས་བྲིས
ན་ནིང་ཡང་བྲིས   ཕྱེད་ཀ་མཚན་མོ་རེད

ཆགས་སྡང་གི་ལེའུ་ད་དུང་ཚར་མི་འདུག
ཕྱེད་ཀ་མཚན་མོ་ཡིན་པས་སོ

༢༠༡༥ ༨ ༢༢ ཞོགས་སྔ་མོར།


རླུང་ཁར་འཐོར་བའི་མིའུ།

ཕྱོགས་ཤེས་ཟེར་བ་ཅི་རེད
འཁྲུལ་སྣང་གིས་ངུ་རུ་འཇུག་སྲིད་པ་ཤེས
རིམ་གྱིས་འཐིམས་སྲིད
མུན་ནག་གི་དཀྱིལ་ཏུ་འཐིམས་སྲིད
མང་པོ་ཞིག་རིམ་གྱིས་འཐིམས་སྲིད

ཕྱོགས་ཤེས་ཟེར་བ་ཅི་རེད
བག་ཆགས་ཤིག་རེད
ངུ་སྐད་དང་ཨག་སྐད་འདྲེས་པའི་ཉིན་ཞག་ཅིག་རེད
སྣང་བ་བྱོ་སའི་འགྱིག་གདན་སྲབ་སྲབ་ཅིག་རེད
རྣ་དང་ཁ་བདག་མེད་དུ་གཡུགས་ཆོག་ས་ཞིག་རེད

ཕྱོགས་ཤེས་ཟེར་བ་ཅི་རེད
དེ་ནི་སྤྱིར་བཏང་གི་རྒྱན་ཆ་ནག་པོ་ཞིག
མེ་ལོང་ནང་དུ་རེ་རེར་བཞིན་ཤར་ཡོང་ཐུབ་པ་ཞིག་རེད
ཉིན་མཚན་གཉིས་ཀྱི་ངོས་ན་གཏམ་གྱིས་བཟི་འགྲོ་བ་ཞིག
ཁྱོད་དང”ང”ཞེས་ཡུན་རིང་བཟི་འགྲོ་བ་ཞིག་རེད

ཕྱོགས་ཤེས་ཟེར་བ་ཅི་རེེད
ཚང་མས་འཁུན་སྒྲའི་བར་ནས་གླེང་ཡོང་བ་ཞིག
ལག་པ་རིང་ཐུང་མང་བོ་བཀྱགས་ཏེ་ཡོང་བ་ཞིག་རེད
གསང་དོར་ནང་གི་ཤོག་བུ་སྐུ་ངོའི་སྒོ་བྱང་ཚུན་ཆད་དུ་
འབྱར་བཞིན་འདུག
རྩིག་ལྡེབས་ཀྱི་ངོས་ལ་མཚན་མོ་འདིའི་སྲང་ལམ་དཔར་འདུག
དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀ”
སྐད་ཆ་འཐར་འཐོར་གྱི་གསེབ་ཏུ་དཔར་འདུག

པོ་ཏཱ་ལ་སྙན་ངག་གིས་སྒུལ་ཆོག
ཤ་དང་སྐྱི་མོའི་བར་ནས་སྒུལ་མི་ཆོག
སྐྱུག་བྲོ་བ་ནི་རྒྱུན་དུ་འཕྲད་འོངས་པ་ཞིག
སུས་ཀྱང་ང་ལ་འདི་མ་འདྲི
ངའི་སེམས་ནང་དུ་མཆི་མ་བསགས་མི་འདོད
ན་སོང  ན་སོང    འགྱིག་དྲི་འཐུལ་བའི་མཚན་མོ་དེ་ལ

༢༠༡༥/༨/༡༦ མཚན་མོར།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d