བོད་ཕྲུག་ཤར་བསྐྱོད་ཀྱི་ལམ་དང་མཐའ་སྣེ། (བོད)

རྨེ་རུ་ཡུལ་ལྷ་ཐར།

            དགེ་རྒན་དུས་ཆེན་སྐབས་སོ་གཅིག་པ་ཐོན་ཡོང་ཞིང་། འཇར་འགོག་དམག་འཁྲུག་གི་རྒྱལ་ཁར་རྟེན་འབྲེལ་ཞུ་ཞོར “འཇར་པན་འདྲེ་དམག” ལ་ཁ་རྡུང་ངོ་རྒོལ་བྱེད་པའི་ལས་འགུལ་རབ་དང་རིམ་པ་མང་བའི་སྟབས་ལས། ད་ལོའི་དགེ་རྒན་དུས་ཆེན་འདི་ཅུང་ཟད་མདོག་ཤོར་བ་ཞིག་རེད་མོད། འཇར་དམག་གསོད་ཅིང་གཏུབ་རྒྱུ་གང་ལྟར་དགེ་རྒན་ནི་ནམ་ཡང་དགེ་རྒན་དང་མིའི་བཟང་ངན་ཧ་ལམ་དགེ་རྒན་ལ་འབྲེལ་བས་ན། དེ་དང་འབྲེལ་ནས་བོད་ཀྱི་སློབ་གསོའི་གནད་དོན་ཞིག་གླེང་བར་བྱ།

      ན་ནིང་ད་ལོ། བོད་ཁུལ་གྱི་སློབ་མ་ཚོ་རྒྱ་ནག་ནང་ཁུལ་དུ་སློབ་སྦྱོང་ལ་འགྲོ་བའི་མཐོ་རླབས་ཤིག་འཕྱུར་གྱིན་འདུག་ལ། དེའང་། གཙོ་བོ་མཐོ་འབྲིང་སློབ་གཉེར་དུ་རྫོངས་ཀྱིན་པ་དེའོ། །

       སྤྱིར་ན། གནས་གཞན་དུ་སློབ་གཉེར་ལ་འགྲོ་བ་ནི་དོན་ལེགས་ཤོས་ཤིག་ཡིན་པ་སྨོས་མེད་དང་། ལྷག་ཏུ་ཁོར་ཡུག་བཟང་ལ་མི་གཞུང་ཁ་དབུགས་ཟབ་པའི་ས་ཁུལ་དུ་སློབ་འགྲིམས་བྱེད་པ་ནི། འཇོན་མི་སྐྱེད་སྲིང་གི་ཐབས་མཆོག་ཅིག་ཡིན་པ་སུས་མི་ཤེས། དེ་བཞིན་དེང་སྐབས་བོད་ཁུལ་གྱི་བོད་ཕྲུག་མང་བོ་རྒྱ་ནག་ནང་ཁུལ་དང་དེ་འབྲེལ་གྱི་ས་ཁུལ་གཞན་ལ་སློབ་གཉེར་དུ་གཏོང་བཞིན་པ་འདི་ཡང་དོན་བཟང་པོ་ཞིག་ཏུ་ཁས་འཆེས་པ་ལོས་ཡིན་མོད། ཞིབ་དུ་འདང་བརྒྱབ་ཅིང་དངོས་སུ་བརྟག་དཔྱད་ཅིག་བྱས་ཚེ། སེམས་པ་བློང་བློང་བོར་བཏང་འོངས་ཏེ་ཡིད་ལ་མི་བདེ་བའི་འཇིག་ཉེན་ཞིག་ཀྱང་སྐྱེ་ཡོང་། ཅུང་སྔ་མོ་ཞིག་ནས། བོད་ཕྲུག་དག་རྒྱ་ནག་ནང་ལོགས་སུ་སློབ་སྦྱོང་ལ་གཏོང་བའི་དཔེ་འདུག་ཅིང་། དེའང་ཀྲུང་གོ་གསར་བའི་ཚུན་ལ། གཙོ་བོ་བོད་དབུས་གཙང་གི་སློབ་ཕྲུག་མང་བོ་རྒྱུན་མ་ཆད་པར་རྒྱ་ནག་ནང་ལོགས་སྐམ་སར་མངགས་པ་རེད། ད་ལྟའི་བར། རྒྱ་ནག་ནང་ལོགས་ཞིང་ཆེན་སོ་སོའི་སློབ་འབྲིང་མང་བོར”བོད་ལྗོངས་འཛིན་གྲྭ”ཡོད་ཅིང་། པེ་ཅིང་དང་ཧྲང་ཧེ། ཁྲེན་ཏུ། ཁྲང་ཧྲ་སོགས་གྲོང་ཁྱེར་འགའ་ཤས་སུ”བོད་ལྗོངས་སློབ་འབྲིང”ཟེར་བའང་བཙུགས་ཡོད། ཆེས་ཐོག་མའི་སྐབས་ལ། ཐབས་འདི་བོད་ཡུལ་གྱི་སློབ་སྒྲུབ་ཆ་རྐྱེན་ཞན་པར་དམིགས་ཏེ་ལེགས་བསྒྱུར་གྱིས་བསྒྲུབས་པའི་བཟོ་འདུག་མོད། ཕྱིས་སུ། ཐབས་ཇུས་ལྟ་བུ་ཞིག་ཏུའང་བལྟས་པའི་ཚོར་བ་སྟེར། ཐབས་ཇུས་སུ་གྱུར་ཟིན་ཚེ། ཇུས་འདི་བཀོད་འོས་ཀྱི་ཚོགས་པ་ཁག་ནས་བསམ་བློ་ཞིབ་ཏུ་བཏང་ན་འགྲིག་མོད། ད་ལྟའི་བར་ཇུས་འདི་འགྲིག་མིན་ལ”འོས་མི”དག་གིས་བསམ་འཆར་རམ་ཡུས་འདོན་དང་གནས་ལུགས་ཆེན་པོ་ནི་མ་བཤད་པར་མངོན་ཞིང་། འབངས་ཕལ་བ་མི་སེར་དག་ལ་མཚོན་ན། རང་གི་ཕྲུ་གུ་སྐྱ་ཟད་སྔོ་སྡུག་གི་སློབ་གསོའི་རྣམ་པ་ལས་བྲལ་ཏེ་སློབ་གྲྭ་ལེགས་པོ་དཔེ་ཁྲིད་དཔེ་མེད་བྱེད་ས་ཞིག་ཏུ་བསྐྱལ་བ་ཡིན་པས། མི་བདེ་བའི་ཚོར་བ་ཆེན་པོ་ག་ལ་འབྱུང་། དེའི་སྟབས་ཀྱིས། སྲོལ་འདི་ད་ལྟའི་བར་བསྐྱངས་འོངས་པ་ཡིན་ལ། ད་ལྟ་མུ་རུ་རྒྱས་ཏེ་མདོ་ཁམས་ས་ཆར་ཡང་ཚ་རླབས་འཕྱུར་བ་འདི་རེད།

         “ཕྱི་ཡུལ་འགྲིམས་པར་དགའ”བའི་ང་རང་ལ་མཚོན་ན། གནས་སྟངས་ཁྱད་པར་བའི་ཁྲོད་ཀྱི་བོད་རིགས་བྱིས་པ་ཚོ་འདི་བཞིན་ཕྱི་ཡུལ་འགྲིམ་པར་ཡིད་མི་འཐད་ཅིང་། ཚད་ངེས་ཅན་ཞིག་ཏུ་སེམས་འཚབ་ཀྱང་འབྱུང་གི་འདུག གང་ཡིན་ཟེར་ན། བྱིས་གཞོན་ལ་བྱིས་གཞོན་གྱི་གནས་སྐབས་ལ་འཚམ་པའི་སློབ་གསོ་དང་འཚར་ལོངས་ཁོར་ཡུག་ཅིག་ཡོད་ཅིང་། ལོ་ན་དང་ཁོར་ཡུག་དེ་ལ་འཚམ་པའི་སློབ་སྒྲུབ་བྱེད་སྟངས་ཤིག་ཡོད། ལྷག་པར་སློབ་གསོ་མིའི་རིགས་རིག་པའི་ངོས་ནས་དཔག་ཚེ། མིའི་རིགས་ཀྱི་སྐྱེས་ཐོབ་རིག་པ་དང་སྦྱངས་ཐོབ་ཡོན་ཏན། འཚར་སྐྱེད་བརྒྱུད་རིམ། རིག་གནས་སེམས་ཁམས། བསམ་བློའི་ནང་སྙིང་སོགས་སློབ་གསོའི་སྒྲུབ་སྟངས་ལ་འབྲེལ་བ་དམ་པའི་སྟེང་། ཕ་སྐད་དེ་ལྡན་དང་རིག་གནས་ནང་རྫོང་ཟབ་པའི་མི་རིགས་ཀྱི་བྱིས་གཞོན་སློབ་གསོར་མཚོན་ན། རང་ས་རང་ཡུལ་ནས་སློབ་གསོ་མྱོང་དུ་འཇུག་པ་ལས་ལྷག་པའི་ཐབས་མེད་པར་བསྙད་པ་དེའོ། །

          རང་ས་རང་ཡུལ་ནས་སློབ་གསོ་མྱོང་བའི་ཕན་རླབས་ནི། གཅིག་ནས་རང་གི་ཕ་སྐད་བག་ལྷོད་པོས་མྱོང་ཐུབ་པ་དང་། གཉིས་ནས་རང་མི་རིགས་ཀྱི་རིག་གནས་རིན་ཐང་མ་ལག་ཤེས་མེད་ཚོར་མེད་དུ་རྒྱུད་ལ་སིམ་པར་བྱེད་ཅིང་། གསུམ་ནས་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ་གསུམ་འགལ་མེད་གཅིག་འདུས་ཡོང་ཐུབ་ལ། བཞི་ནས་སློབ་གསོ་རང་ས་ཅན(教育本土化)དུ་འགྱུར་བར་ལམ་བཏིངས་བའོ། །དེ་མ་ཡིན་པར་བྱིས་གཞོན་ཚོ་གནས་གཞན་དུ་མངགས་ཏེ་སློབ་གསོའི”སྐྱེ་བ་ངན་ལེན”བྱེད་དུ་བཅུག་ཚེ། ཀླད་པ་བཀྲུ་བའི་སློབ་གསོ་བརྗོད་མི་དགོས་པར། རང་གི་ཡུལ་སྲོལ་མི་ཤེས་ཤིང་རིག་གནས་ཀྱི་རིན་ཐང་མ་ལག་མི་ཚང་ལ་ཕ་སྐད་རིག་གནས་ཀྱི་ཁ་ཕྱོགས་ཐེད་ལ་བོར་བའི་མི་རུ་འགྱུར་ངེས་པ་ཡིན་ཞིང་། དེ་ལས་ཚབས་ཆེ་བ་ནི། ཤེས་བྱ་མང་འཛོམས་ཀྱི་མི་རུ་གྱུར་བ་མ་གཏོགས། སེམས་ཁམས་རིག་གནས་དང་གཞི་རྒྱུའི་རིག་གནས། ཆོས་ལུགས་དད་མོས། རིན་ཐང་ལྟ་བ། མཛེས་འཛིན་སེམས་ཕྱོགས། མི་ཚེའི་དམིགས་གཞི་སོགས་གང་ནས་བལྟས་རུང་། བོད་ཀྱི་བུ་ཕྲུག་ཡིན་པའི་རྟགས་མཐོང་དཀའ་ལ། མཐའ་མཇུག་ཕུང་གསུམ་པའི་མི་རུ་བསྒྱུར་ངེས་པ་དེའོ། །

       བྱིས་གཞོན་ནི་ངེས་པར་ཕ་མ་དང་ཉེ་བར་སློབ་གསོ་མྱོང་དགོས་པ་འཛམ་གླིང་རིལ་མོའི་སློབ་གསོ་མཁས་ཅན་ཚང་མས་བརྗོད་ཀྱིན་པ་ལྟར་དང་། ཕ་མ་དང་ཉེ་བར་ཕ་ཡུལ་གྱི་པང་དུ་སློབ་གསོ་མྱངས་ན། བསླབ་དེབ་ངོས་ཀྱི་ཤེས་བྱ་ལས་གཏིང་ཟབ་ཅིང་རིན་ཐང་ལྡན་པའི་མི་མངོན་སྦས་པའི་རུས་རྐང་ལ་སིམ་པའི་དོན་མང་བོ་ཞིག་རང་བཞིན་ལ་འབྱོར་ཡོང་ཞིང་། སློབ་གསོའི་ཆོས་ཉིད་ཀྱི་ལམ་ཆེན་ལའང་མཐུན། དེ་མ་ཡིན་ཚེ། འཕྲུལ་ཆས་རང་བཞིན་གྱི་མི་གསོ་བར་ཕན་པ་ལས་མི་གཞི་སྐྱེད་སྲིང་དང་མིའི་གཤིས་སྤྱོད་གསོ་སྐྱོང་གི་ཐད་ནས་གནད་དོན་རབ་དང་རིམ་པ་སྤུངས་ཡོད་དོ། །

        འོན་ཀྱང་། དེང་སང་བོད་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ཞན་ལ་རམ་འདེགས་ཉུང་ཞིང་གསོན་ཤུགས་མེད་པའི་སྟེང་། ཆེས་གལ་ཆེ་བའི་གནད་དོན་སྟེ་དགེ་རྒན་གྱི་དཔུང་སྡེ་ཧ་ཅང་ཉམ་ང་བར་ཡོད། ལོ་འདི་ཚོར་བོད་ཁུལ་གྱི་སློབ་གྲྭ་ཁག་ལ་རྩད་གཅོད་བྱས་པ་ལས་མཐོང་ཐུབ་པ་ནི། བོད་སྐད་ཀྱིས་རྩིས་དངོས་རྫས་གསུམ་ལྟ་བུ་བསླབ་ཚན་གཞན་ཁྲིད་ནུས་པ་ཚོའི་ཆེད་ལས་བྱང་ཚད་རྒྱ་སྐད་ཀྱིས་ཁྲིད་པ་ཚོ་ལས་ཞན་པ་དང་། བསླབ་ཚན་གཞན་གྱི་ཆེད་ལས་བྱང་ཚད་མཐོ་བ་ཚོས་བོད་སྐད་ཀྱིས་ཁྲིད་མི་ནུས་པ་དེ་རེད། དེ་ནི་གནས་ཚུལ་ཁྱད་མཚར་བ་ཞིག་ཡིན་པར་འདུག་མོད། ཁུངས་ནི་སློབ་ཆེན་གྱི་ཆེད་ལས་སློབ་ཁྲིད་རྒྱུ་སྤུས་ལ་འབྲེལ་བ་ཡོད་པ་ངེས་གཏན་དང་། སློབ་ཆེན་ནས་ཆེད་ལས་བྱང་ཚད་མི་མཐོ་བའི་མི་བསྟུད་མར་བསྐྱེད་བསྲིང་བྱས་པ་ལས། བོད་སྐད་ཀྱི་རྨང་གཞི་སློབ་གསོ་ནམ་ཡང་སོ་ན་གནས་ཤིང་ཐ་ན་རང་བཞིན་ངན་པར་འཁོར་སྐྱོད་བྱེད་ཀྱིན་པ་དེའོ། །བལྟས་ན་བོད་སྐད་བོད་ཡིག་གིས་ཆེད་ལས་བསླབ་ཚན་འཁྲིད་ཀྱིན་ཡོད་མོད། སློབ་མའི་ཆེད་ལས་ནུས་པ་མཐོར་འདེགས་མི་ནུས་པ་ནི། དེང་གི་བོད་ཁུལ་སློབ་གྲྭ་མང་ཤོས་ཤིག་གི་དོན་དངོས་སོ། །དེ་ལ་ཐབས་དམ་པ་ཉག་གཅིག་ལས་མེད་དེ། སློབ་ཆེན་སོ་སོས་ངེས་པར་ཆེད་ལས་མི་འདྲ་བའི་མི་སྣ་མང་སྐྱོང་བ་དང་། དེའང་བོད་སྐད་སྦྱངས་མྱོང་བའི་སློབ་མས་ཆེད་ལས་གང་དེ”ཆ་ཚང་མ་ལག་ལྡན་པར”སྦྱོང་དུ་འཇུག་པ་དང་། བོད་ལ་བསྟུན་པའི”དམིགས་བསལ”ཁྲིད་ཐབས་དང་སློབ་གསོའི་ལག་ལེན་ཁག་མཚམས་འཇོག་པ་དེ་ཡིན།

           བོད་ཀྱི་རྨང་གཞིའི་སློབ་གསོར་རོགས་སྐྱོར་རམ་འདེགས་བྱེད་རྒྱུ་ཡིན་ན། བོད་ཕྲུག་མང་བོ་རྒྱ་ནག་ནང་ལོགས་སུ་རྫོངས་རྒྱུ་དེ་མ་ཡིན་པར། བོད་རང་སའི་སློབ་གྲྭ་སྟོབས་ཆེན་དུ་གཏོང་ཞིང་དགེ་རྒན་ཤེས་འཇོན་ནུས་གསུམ་ཚང་བར་བཀོད་རྒྱུ་དེའོ། །ཡང་ན་བོད་ཕྲུག་མང་བོ་དམའ་འབྲིང་རྫོགས་མཚམས་འགྲོ་ས་མེད་པར་བྱས་ཏེ་རྒྱ་ནང་ལ་འཇོག་རྒྱུ་མ་ཡིན་པར། དེ་ཚོ་ཤོང་ཞིང་རན་པོར་བསྡད་ཆོག་ལ་མཐུན་པར་སློབ་གཉེར་བྱ་ཆོག་པའི་སློབ་གྲྭ་བསྐྲུན་རྒྱུ་དེའོ། །

          བོད་ཁུལ་གྱི་ས་གནས་སྐོར་ཞིག་གིས་སློབ་གྲྭ་ཁུ་བསྡུ་ཟླ་སྒྲིལ་བཏང་བའི་འབྲས་བུར། ད་ལྟ་བྱིས་པ་མང་བོ་སློབ་གྲྭར་ཆུད་ཐབས་མེད་པར་བྱས་ཡོད་ལ། མ་འོངས་པའི་ལམ་ཁ་གཞན་ནས་མི་འཚོལ་ཐབས་མེད་ལ་གཏུག་ཡོད། རྒྱལ་ཁབ་གཞུང་ནས་སྤྱི་ལོ2013ལོར་བཀའ་རྒྱ་བཀྲམས་སྟེ་ཁུ་བསྡུ་ཟླ་སྒྲིལ་གྱི་བྱ་བ་མཚམས་འཇོག་དགོས་པར་བསྒྲགས་ཡོད་ཅིང་། བྱིས་པ་མི་ཐོན་ཞིང་སྲིད་གཞུང་གིས་སློབ་འཁོར་མངག་མི་ནུས་པའི་ས་ཆར། ངེས་པར་སློབ་གྲྭ་འཛུགས་དགོས་པར་གདམས་ཡོད་མོད། བོད་མི་དཔོན་པོ་ཚོའི་རྣ་བ་འོན་སོང་བའམ་ཅི་ལྟར། ད་དུང་ཡང་དེའི་སྐོར་ལ་ཤི་འཐམ་རོ་འཐམ་བྱེད་མཁན་འདུག འདིར་བརྗོད་བྱ་མ་ཡིན་མོད་ད་དུང་གནད་དོན་ཞིག་ཡོད་པ་ནི། བོད་ཁུལ་དུ་ལག་ལེན་བསྟར་བའི་བཅའ་སྡོད་སློབ་ཆུང་ཟེར་བ་དེ་ཚོའང་། སློབ་གསོའི་ཆོས་ཉིད་ལ་མི་མཐུན་ཞིང་ཁྱིམ་ཚང་རིག་གནས་དང་མི་རིགས་རིག་གནས་ཀྱི་ར་བ་ལས་བཏོན་ཏེ”མི་རབས་གསར་བ”གསོ་སྐྱོང་གི་ལམ་ཕྱོགས་ཡིན་པ་ཁྱེད་རྣམས་ཀྱིས་རྟོགས་ཡོད་མིན་མ་ཤེས་མོད། ཁོ་བོ་ནི་སེམས་ཁུར་ཆེན་པོར་གཏོད་ཀྱིན་འདུག

            དེའི་རྐྱེན་གྱིས། བོད་ཁུལ་གྱི་དཔོན་པོ་དབང་ཆེན་ཟ་རྐྱལ་ཚོ་ལ་སྡུག་དམེ་བཏོན་རུང་ཆུ་ནང་ལ་གཡག་བཏང་བ་ཡིན་པས། འདིར་སློབ་གསོའི་དཔོན་སྣ་བསམ་ཤེས་ཁག་དང་སློབ་གསོའི་ལས་བྱེད་ལྷག་བསམ་ཅན། ཁྱིམ་བདག་ཡ་རབས་རིགས་ཞེན་ཅན་ཚོར་དྲན་སྐུལ་ཅིག་བྱས་པ་ཡིན་ལ། གལ་ཏེ་ཐབས་མེད་དབུལ་བོར་ཐུག་སྟེ་ཕྲུ་གུར་འགྲོ་ས་མེད་ན་མ་གཏོགས། རྒྱ་ནག་ནང་ལོགས་སུ་གཏོང་བ་འདིར་དོ་སྣང་བསམ་གཞིག་བཏང་ན་རབ་བོ།། །།

༢༠༡༥.༩.༡༠ ཟི་ལིང་།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s