wokar.org
གདོན་གྱིས་བླུད་པའི་སྙན་ངག - འོད་དཀར་དྲ་ཚིགས།
___ སྨྱུག་མདའ། སྦྲུལ་ལྕེ་ནག་པོས་རྒྱབ་ཏུ་ཡང་ཡང་ལྡག། ཚིག་འབྲུ་དམར་པོས་སེམས་ལ་ཡང་ཡང་བྲབས།། མི་སྐད་བོར་བའི་མི་ཡུལ་མཚར་པོ་འདིར།། བདག་ཉིད་ལྐུག་པ་ཡིན་ན་ཅི་མ་རུང་།། ཁ་ལུད་རུམ་ལ་ལྡུག་པའི་མཚན་མོ་ཞིག། གནས་ལུགས་མགྲིན་པར་མི་བདེ་ད་ཚོད་ཅིག། རྡོག་སྣེ་གང་དུ་བསྲིང་དགོས་མནོ་བསམ་བཏང་།། ཨ་མའི་འཛུམ་མདངས་དྲན་ལ་མགོ་བོ་འཕུར།། རླུང་འུར་སྙིང་ལ་སྐྱོམ་པ་ཤོག་ཁ་འོ།། དཀར་འོད་འོབས་སུ་བློ་ཡི་སྐད་དུ་སིམ།། གླིང་བུ་ཁེར་འབུད་ན་བུན་གཞུང་དུ་གྲག། ངེད་ཀྱི་ཨར་ཁང་སྒེའུ་ཁུང་མི་འདུག་གོ། མུན་ཁྲོད་རང་གཤིས་ངོམ་པའི་ཤེད་རྩལ་ཡང་།། ཐ་མག་ཤུབ་ཤུབ་རྔུབ་པའི་སྔོན་བརྡ་གྱུར།། སྐ་རགས་སྡོམ་ཞོར་སྐར་མ་བཏབ་པ་འང་།། མཆི་མ་གཞུང་ལ་བཞག་པའི་ལེའུ་འོ།། རང་ཚུགས་རྡོ་ལ་བརྐོས་པ་གཉུག་གཤིས་ཤིག། ཕོར་བ་སྔས་ལ་ལེན་པར་ཨ་ཐང་ཆད།། ག་ལེ་ག་ལེར་གདངས་ཤིག་འོད་དུ་དགོད།། དེ་ནི་ང་ཚོར་སྨིན་པའི་ཕུགས་བསམ་ཡིན།། ད་ལྟ་རུ་སུལ་སྨུག་པས་དྲག་ཏུ་ཁོལ།། རྣམ་ཤེས་ས་ཁྲ་བཞིན་དུ་ཉོག་ནས་འདུག། རང་ཉིད་རྩིག་ལྡེབས་ངོས་ལ་ཕྱེད་ཀ་བྲིས།། རྐུབ་སྟེགས་སྒྱིད་ལུག་འཕེན་པ་རན་ཙམ་བཏང་།། ཁོ་བོ་མུན་པའི་ཁྱིམ་ནས་ཞིང་ཁར་ཕྱིན།། འཁྲིས་ཀྱི་ཞིང་ཚིགས་ལོ་མར་སྙན་ངག་བྲིས།། ཡ་གིའི་བྱིའུ་སྐྱ་ལེབ་ཁེར་ལབ་བརྒྱབས།། ཤད་ཀྱིས་འཕུར་ཤུལ་ངག་འདི་ཐོལ་དུ་ཤོར།། ༢༠༡༥/༩/༡༠ ཕྱི་དྲོར་ཞིང་ཁ་ཞིག་ཏུ་བྲིས། ངེད་དྲ་ཚིགས།
དྲ་བདག