ཐེ་རང་།


བཀའ་བསྟན་གྱི་གླེགས་བམ་བར་ན་བཙན་པོའི་སྙིང་སྟོབས་བོར་ཞིང
གཞན་དབང་གི་ལྕགས་སྒྲོག་བར་ན་ཁེར་ཚུགས་ཀྱི་སྤོབས་པ་ཞ་བའི་སུས་ཀྱང་མིག་ཟུང་གི་མཆི་མར་བཤམས་པའི
ཀུན་གྱིས་ན་ཟུག་གི་གོང་བུར་བསྒྲིལ་བའི་
བདག་གི་ཁ་བ་ཅན   ཁ་བ་ཅན་གྱི་མི་རྣམས
ཤ་དར་ཁྲག་དར་གྱི་མི་རྣམས་ཡ

དེ་རིང    ང་དུས་རབས་ཀྱི་་ཕང་བ་ནས་འགྲེངས་ཏེ་ཁྱེད་ཀྱི་བྲང་ཁོག་སྔོག་གིན་ཡོད
དེ་རིང    ང་ལོ་རྒྱུས་ཀྱི་སྒལ་ཚིགས་སུ་བུད་དེ་ཁྱེད་ཀྱི་ངོ་གདོང་ཀློག་གིན་ཡོད
དེ་རིང    ང་ཁྱེད་ལ་ཅེར་ནས་བླ་སྲོག་གི་སྐད་ཆ་རེ་རེ་ཡེ་གེར་ཕབ་ཀྱིན་ཡོད

གླེགས་བམ་གྱི་ཚི་དྲེག་ཁུར་བའི་མི་རབས་ཤིག
ཡིག་དྲུག་གི་ཟློས་བརྗོད་བར་ན་གོ་མེད་ཚོར་མེད་་དུ་རྒས་ལ་ཉེ་བའི་དུས་འདིར
གནའ་བོའི་ཕོ་བྲང་དང་མེས་པོའི་རྡོ་རིང་རེ་རེའང
ནང་ལོག་ནས་ལྡིང་བའི་རླུང་འཚུབ་ཀྱིས་སྒུལ་གིན་པའི་དུས་འདིར
དུས་འདིར    ཁྱེད་ཀྱི་སྐྲ་ལོའི་བང་མཛོད་ན་འཚང་ཁ་རྒྱག་གིན་པ་དེ
ཞོགས་ཀ་ནས་ས་སྲོད་རེ་རེ    ཡང་ན་ས་སྲོད་ནས་ཞོགས་ཀ་རེ་རེར

ཁྱེད་ལ་ཟ་འཁྲིག་སློང་གིན་པའི    ཁྱེད་ཀྱི་ཟུངས་ཁྲག་འཇིབས་ཀྱིན་པའི་ཤིག་དང་སྲོ་མང་གི་ཚོགས་ཀྱང་དམར་པོ་རིའི་ཐོང་འོག་ན་ཉི་མར་ལྡེས་འདུག་པར་བསམ་ན
ན་ཆུང་མའི་བྲང་གཞུང་འདྲ་བའི་འདོད་སྲེད་མི་འཇགས་པའི་ཕ་ས་འདི
གཏན་དུ  ཐུ་བྷོད་ཅེས་པའི་གསར་བུ་ཞིག་གི་ང་རྒྱལ་གྱི་མགོ་བོ་འཇོག་ས་ཡིན་ནམ
ཡང་ན་ལག་པ་དམར་པོ་ཞིག་གི་ཧམ་སེམས་བསྲིངས་ས་ཡིན།

བདག་གི་མིག་ཆུའི་ཀློང་ན་སྐྱོམས་པའི་ཁ་བ་ཅན་གྱི་མྱི་རྣམས་ཡ
ད་ལྟ   རྣོ་ལྕགས་ཀྱི་སྐུད་པ་ཞིག་ཁྱེད་ཀྱི་ཁྲག་རྩའི་སྦུབས་སུ་འཐེན་ཡོད
འཁྱོག་གཟུགས་ཀྱི་ཉིན་ཐོ་ཞིག་ཁྱེད་ཀྱི་ལོ་རྒྱུས་ཁྲོད་དུ་སྤར་ཡོད
ལག་པོ་དམར་པོ་ཞིག་གིས་ཁྱེད་ཀྱི་བྲང་ཁོག་ལ་སྙབས་ཀྱིན་འདུག
ཁ་ལྕེ་ནག་པོ་ཞིག་གིས་ཁྱེད་ཀྱི་མི་སེར་ཚོ་བསླུ་བཞིན་འདུག
དབང་ཤེད་ཀྱིས་བསླུ་བཞིན་འདུག
གཟོ་ཟོལ་གྱིས་བསླུ་བཞིན་འདུག
ག་ས་གང་ན་འཛུགས་སྐྲུན་རྫུན་མས་འཚང་ཁ་རྒྱག་གིན་པའི་དུས་འདིར
ཐམས་ཅད་མྱི་ལག་གི་འཆར་གཞིར་གྱུར་ནས་ཡོད་པའི་དུས་འདིར
ཡོད་ཚད་ཁྲིམས་ལུགས་ཀྱིས་བཟོ་བཀོད་གནང་བའི་དུས་འདིར
དུས་འདིར    ཁྱེད་ཀྱི་བླ་སྲོག་དང་རྣམ་ཤེས   དཔའ་སྟོབས་དང་ཤེས་རབ་ཁོ་ན
ཁྱེད་གཅིག་པུར་དབང་ཆོག་ཆོག་གི་མཐའ་མཇུག་གི་གདམ་ཀ་མ་ཡིན་ནམ

རུས་རྐང་དུ་རྩམ་དྲི་བོར་བའི་དབུས་གཙང་པ་ཚོ
བསམ་བློར་མུ་གེ་ཐེབས་པའི་ཁམས་པ་བ་ཚོ
ཤན་འདན་ནང་འཁྲུག་གི་གཏམ་རྒྱུད་གྱེར་བའི་མདོ་སྨད་པ་རྣམས

ད་ནི   རྟུལ་ཕོད་ཀྱི་དཔའ་སྤོབས་པས་རྒྱལ་ཁམས་གནོན་པའི་རང་ཅག་གི་མེས་པོ་ཚོ
མེས་པོ་ཚོའི་རལ་གྲི་དང་དཔའ་སྙིང་    བང་སོ་དང་རྡོ་རིང་
རེ་རེ་བཞིན་དཔའ་སྤོབས་ཀྱིས་ཡར་ལ་བསླངས་རན་རེད

ད་ནི   ན་ཟུག་གི་དུད་དུ་འཕག་འཚག་དང་
ཤ་འཁོན་གྱི་ཕྱིར་དུ་དར་ཆ་འཆང་རན་རེད
ད་ནི   མི་སྐྱེས་དཔའ་བོའི་ཚོགས་དག་རེ་རེ་བཞིན
རྦབ་ཆུ་ལྟར   མེ་འཔུང་ལྟར་འཕྱོ་རན་རེད།
ད་ནི   ཅི་ཞིག་ནུས་ན་ཅི་ཡང་བྱེད་རན་ནོ

མེ་འཁོར་ལ་བསྡད་དེ་པོ་ཏ་ལའི་ཐང་ཆེན་དུ་ལྟད་མོར་གཡེང་ཁུལ་གྱི་མྱི་དེ་ཚོ
ཡུལ་བསྐོར་ལ་བརྫུས་ཏེ་ལྷ་སའི་མཁར་གྲོང་ནས་གཏན་སྡོད་བྱེད་འདོད་ཀྱི་མི་དེ་
ཚོ
ཁ་ངོར་སྐོམ་པ་ལངས་པའི      བློ་ངོར་ཧམ་པ་འཕྱུར་བའི་མྱི་དེ་ཚོ

མྱི་དེ་ཚོ་བསྐོར་དང་བསྐོར་བྱས་ཏེ་ལོ་ནས་ལོ་རེར་ཐོན་འོང་ན
ལག་ཏུ་འཁོར་ལོ་ཐོགས་པའི་ཁྱེད་ཀྱི་མི་སེར་ཚོ་རེ་རེ་བཞིན་གང་ཞིག་དུ་འགྲོ
གཙུག་ལག་ཁང་གི་མཆོད་གོང་ཁྲི་ཕྲག་ལ་འབྲུ་མར་སེར་པོའི་གསོལ་མཆོད་སུ་ཡིས་བྱེད
ད་དུང་      ནང་མ་ཁང་དང་བོད་ཟས་ཁང་
ཨ་ཅག་ལགས་ཀྱིས་འཐག་པའི་ཕྲུག་དང་སྣམ་བུའི་གོས་རྒྱན་དེ་དག་རེ་རེ་བཞིན
རེ་རེ་བཞིན་བདག་པོ་སུ་ཡིས་རྒྱག

ལོ་གཅིག  ལོ་བཅུ    ལོ་བརྒྱ
ལོ་ཟླ་མང་པོ་ཞིག་གི་རྗེས་སུ་གཙུག་ལག་ཁང་དུ་ལམ་ལམ་འདྲེན་གྱིན་པ
ཨ་མ་བདེ་སྐྱིད་ཀྱིས་མཆོད་པའི་འབྲུ་མར་བཞུས་པའི་མཆོད་ཀོང་དེ་ཡིན་ནམ
ཡང་ན   ཨ་ཅག་སུ་ཞིག་གིས་ཁྱེར་ཡོངས་བའི་ཡང་ལྭ་དམར་པོ་དེ་ཡིན་སྲིད

ད་ལྟ    པོ་ཏ་ལའི་ཐང་ཆེན་ནས་ཚངས་དབྱངས་རྒྱ་མཚོའི་འགྲུལ་བཞུད་དྲན་གྱིན
མཚོན་ཁ་ནས་གཤེགས་ཟིན་པའི་མེས་པོ་དག་གི་དཔའ་སྤོབས་དྲན་གྱིན
ཤོར་ཟིན་པའི་རི་ཆུ་ནག་གསུམ་སྙིང་བཅུད་དྲན་གྱིན
ན་ཟུག་གིས་ཡང་ནས་ཡང་དུ་བཀླགས་མྱོང་བའི
ཁྲག་དམར་གྱིས་དུས་དང་དུས་སུ་བྲིས་མྱོང་བའི་ཡིག་འབྲུ་གཉིས་དྲན་འོང་
ཚེ་སྲོག་གི་གཏིང་མཐའ་ནས་གྲན་འོང་

ཞེ་སྡང    ཤ་འཁོན   ན་ཟུག   ལྕགས་སྒྲོག
བདག་གི་ཤ་གསེང་རུས་རྐང་ན
ལྗིད་ཏིག་ཏིག་གི་ཡིག་འབྲུ་གཉིས་ཀྱིས་ཚ་འདྲི་སློང་གིན་འདུག
ཨ་རིའི་རང་བཙན་བསྒྲགས་གཏམ་འདྲ་བའི
ཧིན་རྡིའི་རང་སྲིད་རང་སྐྱོང་ལྟ་བུའི
ད་དུང་ཧྥེ་གླིང་གི་མི་ནག་བཅིངས་གྲོལ་ལྟ་བུའི
ཡིག་འབྲུ་གཉིས་ཀྱིས་ཚ་འདྲི་སློང་གིན་འདུག
རྟུལ་ཕོད   དཔའ་མཛངས   བྲན་གཡོག   གཉའ་གནོན
ཀྱེ་ཀྱེ  བཙན་པོའི་རལ་གྲི་ཐོགས་དང་བདག་གི་གདོང་དམར་བ།

༢༠༠༧  ༡༠  ༡༥

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d