___ སྨྱུག་མདའ།
རི་སིལ་ཏོག་གི་འཇམ་ཤ་ཇེ་རྩུབ་རེད།།
འདང་ཞེ་བརྩེ་ཡི་བར་ཐག་ཇེ་རིང་རེད།།
དགོང་ཉི་མ་ནི་ནུབ་ཁར་ཇེ་མགྱོགས་ཤིག།
སྟོན་མཚན་མལ་འདི་སེམས་ལ་ཇེ་འཁྱག་གོ།
ཆོས་གསུང་རབ་ཀྱི་བྱིན་རླབས་ཇེ་རིང་རེད།།
དགོས་འདུལ་མདོ་ཡི་བསྟན་པ་ཇེ་ངན་རེད།།
གོས་དམར་པོ་འདི་སྐུད་པར་ཇེ་འབྱར་རོ།།
མ་བུ་མོ་ཚོའི་ཤ་རྩ་ཇེ་དམ་རེད།།
གནས་རི་ཁྲོད་ཚོ་གྲོང་ན་ཇེ་མང་རེད།།
རས་སེར་པོ་འང་སྲང་ལ་ཇེ་རྫོབ་རེད།།
སྡེ་ཆོས་རྨོངས་ཚོ་དད་པ་ཇེ་ཞན་རེད།།
ཤར་ཤཱཀྱ་ཡི་དབུ་ལོ་ཚོང་རྫས་རེད།།
ནུབ་རྒྱལ་ཁབ་ཚོའི་ཀླད་པ་ཇེ་ཕྱུག་རེད།།
མྱིག་ལྗང་ཁུ་ཚོའི་ཨམ་ཕྲག་ཇེ་སྲབ་རེད།།
ཟླ་གཅིག་གཉིས་ཀྱི་ཆོས་པ་ཇེ་མང་རེད།།
དོན་དམ་པ་འོ་ཨ་མཚར་ཁྱད་མཚར་རེད།།
རྩལ་ཐོགས་མེད་ཀྱི་སྔོན་རབས་ཇེ་བརྗེད་རེད།།
དགོས་རྣལ་འབྱོར་གྱི་མི་ལ་ཇེ་བརྗེད་རེད།།
དུས་འདོད་ཡོན་གྱི་བཟི་ཁ་ཇེ་ངར་རེད།།
བློ་ཀུན་རྫོབ་ཚོའི་རང་རྣམ་ཇེ་གསལ་རེད།།
ཁྱིམ་ངེས་མེད་ཀྱི་བཙུན་པ་ག་ཚོད་མཆིས།།
སེམས་གཡོ་མེད་ཀྱི་བསྒོམ་པ་ད་ཚོད་ཅིག།
དུས་དེ་རིང་ནི་དེ་ཚོར་དཀའ་ཚོད་རེད།།
སྲིད་རྐུབ་སྟེགས་ལ་དུངས་ཀ་ཇེ་ཆེ་རེད།།
མྱི་ཕལ་མོ་ཚོའི་ངག་ཏུ་དུས་ཚོད་བརྡོལ།།
སོམས་མཚན་མོ་ཡི་སྐྱེལ་ཞིང་ཁ་སྣ་སྦྲིད།།
དྲ་སྙིགས་ལུད་ཀྱི་གཏིང་ག་ཇེ་ཟབ་རེད།།
ལུས་ཕུང་གསུམ་པའི་སྐྱི་པགས་ཇེ་མཐུག་གོ།
༢༠༡༥། ༩ །༢༢ ཉིན།
ངེད་དྲ་ཚིགས།