སྙན་ངག་པ་ཨེ་ནེ་ཡིས་བརྩམས། (ཨ་རི) གློག་ཞགས་ཀྱིས་བསྒྱུར།(ཨ་རི)
ཉེ་ལམ། རྨེག་མེད་ཅེས་པའི་བརྡ་ཆད་འདི་ངའི་སེམས་སུ་ལྷང་ངེར་ཤར་ཡོང་གིན་འདུག ཉེ་འཁོར་དུ་སྙིང་བོས་དབེན་ཞིང་རྫོགས་རྒྱུ་མེད་པའི་དམག་འཁྲུག་དང་རྨེག་འཇོམས་སུ་སོང་བའི་དངོས་པོ་གང་རུང་ཞིག་གླེང་བསླངས་པའི་སྐབས་སུ། རྨེག་མེད་ཅེས་པའི་ཤེས་པ་དེ་འཕེལ་ཡོང་གིན་འདུག་ལ། དེ་ནི་ང་རང་གང་ཟག་སྒེར་བ་ཞིག་གི་ཚད་བཀག་ཐེབས་པའི་ཚེ་སྲོག་གི་ཚོར་ཤེས་ཀྱིས་བསྐྱེད་པ་ཞིག་ཡིན་པའང་སྨྲས་མེད་རེད། ང་རང་ལོ་ལྔའི་སྔ་རོལ་དུ་ཧྥ་རན་སི་དང་ཟི་ཕན་དུ་ཡོད་པའི་བྲག་ཕུག་གི་འཁྱགས་ལོའི(Ice Age)བརྐོས་རིས་ལ་ལྟ་སྐོར་དུ་ཕྱིན་པ་ཡིན། དེ་གའི་སྒྱུ་རྩལ་ལ་ལོ་ངོ་༡༠༠༠༠ནས་ ༤༠༠༠༠བར་གྱི་ལོ་རྒྱུས་ལྡན་ཞིང་། ངས་ཧང་སང་བའི་རའོ་ཧྥེན་ཕུག་པ་ (RouffignacCave) མཐོང་དུས། དེ་ནི་གཟུགས་གཞི་ཤིན་ཏུ་ཆེ་བའི་སྲོག་ཆགས་བརྒྱ་ཕྲག་གཅིག་གི་ཕུག་པ་ཞིག་སྟེ། སྒྱུ་རྩལ་པ་དག་གིས་རྐོ་བཞེངས་གནང་བའི་སྟོབས་དང་ལྡན་པའི་འོ་འཐུང་སྲོག་ཆགས་འདྲ་མིན་གྱི་བརྐོས་རིས་ཅན་གྱི་ཕུག་པས་ཁེངས་བསྡད་འདུག གང་ལྟར་ང་ཚོ་རིན་ཐང་ལྡན་པའི་ཚེ་སྲོག་དེ་དག་དང་རིང་དུ་གྱེས་ཏེ་ལྟར་སྣང་ཙམ་ལས་ལྷག་མེད། རྨེག་མེད་དུ་གྱུར་པའི་འོ་འཐུང་སྲོག་ཆགས་ཆེན་པོ་དེ་དག་གི་གཟིགས་རིས་བཞེངས་སྐྲུན་གྱི་སྒྱུ་རྩལ་དེས་ཧ་ལས་སུ་འཇུག་ལ། དེ་ལས་ཤེས་ཐུབ་པ་ནི་ང་ཚོའི་མེས་པོ་དག་ཁོ་ཚོ་དང་མཉམ་དུ་འཚོ་གནས་བྱས་ཤིང་། སྟོབས་ལྡན་གྱི་སྲོག་ཆགས་དེ་དག་རྔོན་པ་དང་ཞིབ་ལྟའི་ཁྲོད་ཀྱི་དོན་སྤྱིའི་ཚོར་ཤུགས་དེ་སྒྱུ་རྩལ་བརྩམས་ཆོས་དང་ཐག་ཉེ་བར་བཅར་ཅི་ཐབས་ཀྱིས། མཆེ་བ་ཆེན་པོའི་རིགས་སྤྱད་ནས་ཡོ་ཆས་དང་བརྐོས་རིས་བཟོ་བསྐྲུན་བྱས་པ་དེ་ཡིན། དེ་གར་རྨེག་མེད་དུ་སོང་བའི་དོམ་ཁུང་འཛུལ་རིགས་དེའི་ཁུང་བུ་ཤིན་ཏུ་ཆེན་པོ་དག་ཡོད་ལ། ཁུང་བུ་ཆེན་པོ་དེ་དག་ནི་རིང་ཚད་ལ་སྤྱི་ལེ་གཅིག་ལྷག་ཡོད་པའི་ཐུར་ཁུང་ནག་པོ་ཞིག་ཡིན་པ་སྟེ། དོམ་ཆེན་དེ་དག་ཉལ་རྗེས་སུ་ཡར་ལངས་ནས་སྡེར་མོས་བཀྲད་ཤུལ་ཡོད་ཅིང་། མཚམས་མཚམས་སུ་མཚོན་རྟགས་ཆེན་པོ་དེ་འདྲ་ཡང་བརྒྱབས་འདུག ངས་ད་དུང་དེ་གར་ང་ཚོའི་ཤ་ཁྲག་གི་རྒྱུ་བ་གཅིག་པའི་ནེན་དྷིར་ཐིལ (Neanderthal) བ་རྣམས་ཀྱི་བསྡད་ཤུལ་དང་དུར་རྒྱ་མཐོང་སོང་། ཁོ་ཚོ་ནི་ལོ་ངོ་སྟོང་ཕྲག་བཞི་བཅུའི་ཡར་སྔོན་དུ་ཡོ་རོབ་དུ་འཚོ་མྱོང་བའི་ང་ཚོའི་མེས་པོ་དག་ཡིན་ལ། ང་ཚོས་ཁོ་བ་ཚོའི་ཁྲག་རྒྱུ (DNA) མཉམ་སྤྱོད་བྱེད་ཀྱིན་ཡོད་ལ། ང་ཚོའི་མཐོང་ལམ་ནས་ཁོ་ཚོ་གཏན་དུ་ཡལ་སོང་བ་དེའང་གླེང་མི་དགོས་པའི་མངོན་གྱུར་ཀྱི་བདེན་པ་ཞིག་རེད། འབྱུང་འགྱུར། ང་ཚོས་སྒྱུ་རྩལ་དང་དུར་སར་བརྟེན་ནས་ཚེ་སྲོག་མང་བོ་ཞིག་ཇི་ལྟར་ངོས་འཛིན་བྱ་རྒྱུ་དེ་རེད་དམ། དེ་དག་ང་ཚོ་རང་ཉིད་ཀྱི་དྲན་ངོར་སྒྲ་སྤྱི་ཞིག་འཁོར་ཐུབ་ཙམ་བྱ་རྒྱུ་དེ་རེད། རྨེག་མེད་ཅེས་པའི་བརྡ་ཆད་འདི་ནི་སྐྱེས་དངོས་དང་ཁོར་ཡུག། མཚན་ཉིད་རིག་པ་བཅས་ཀྱི་ཟུར་ངོས་གང་རུང་ནས་དཔྱད་ནའང་ངའི་རྣམ་རྟོག་གི་སྣང་ངོར་གྲུབ་ཐབས་མེད་པའི་གཟིགས་མེད་ཀྱི་དོན་སྤྱི་ཞིག་རེད། ཡིན་ནའང་དེས་སེམས་ཚོར་གཞན་ཞིག་བསྐྱལ་ཡོང་བ་ནི་ང་དང་ངའི་རིགས་སུ་གཏོགས་མིན་གང་རུང་གི་སེམས་ཅན་དག་གི་རེ་ཐག་གཅོད་པའི་སྤྱིའམ་བྱེ་བྲག་གཉིས་ཀའི་འཇིགས་སྣང་གི་ཚོར་ཤེས་ཤིག་རེད། བརྡ་ཆད་དེ་ནི་རིགས་རྒྱུད་ཅིག་རྩ་སྟོང་དུ་སོང་བ་གང་དེའི་རིག་གནས་སྤྱི་མཚོན་ བྱེད་ཀྱི་སྐད་བརྡ་ཤི་རོ་ཞིག་ཏུ་གྱུར་པ་རེད། གོ་ལ་དང་གཟའ་སྐར་ལ་མཉམ་རོལ་བྱེད་མཁན་དག་ལས། ང་ཚོའི་ཆོས་ལུགས་དང་རིག་གནས་ལ་རང་ལྟ་མཆོག་འཛིན་གྱི་བདེན་འཛིན་དེས་ངའི་སེམས་རྒྱུད་ལ་གདོན་ཞུགས་སུ་བཅུགས་ཡོད།
ལྷ་ཆེན་(god)གྱིས་འདི་ལྟར་གསུངས་ཡོད་པ་སྟེ། འུ་ཅག་གི་རྟོག་འཆར་དུ་མི་བསྐྲུན་ཏུ་འཇུག་རོགས། རྟོག་འཆར་ཁྲོད་ཀྱི་འདྲ་ཆོས་དེར་མཚོ་མོར་འཁྱུག་པའི་ཉ་མོ་དང་ནམ་མཁར་ལྡིང་བའི་འདབ་ཆགས། ས་གཞིར་བརྡལ་པའི་ཕྱུགས་རིགས་སོགས།མདོར་ན་ས་སྒང་རིལ་བོ་འདིའི་སྟེང་གི་ཡོད་ཚད་བདག་གིར་བཏུབ་ཏུ་འཇུག་རོགས་ཞེས་བཤད་ཡོད། (Genesis 2:26 འཇིག་རྟེན་བཀོད་པའི་རྣམ་བཤད་ལས།)
སྤྱིར་བཏང་རྨེག་མེད་ཅེས་པའི་བརྡ་ཆད་དེ་ནི་ཡུལ་ཚོ་དང་གྲོང་སྡེ། རིག་གནས་སམ་སྐྱེས་ཁམས་ཀྱི་མ་ལག་ཤུལ་མེད་དུ་བཟོ་བ། བཙན་གཡེམ་དང་འཕྲོག་བཅོམ་སོགས་གཏོར་བརླག་གི་བརྡ་དོན་ཁུར་བའི་འཐབ་རྩོད་འཁྲུག་ལོང་གི་སྐད་བརྡའི་ཆ་ཤས་ཤིག་ཡིན་ལ། སྐྱེས་དངོས་རིག་པ་བ་བེལ་ཟུན་ (EdwardO.Wilson) གྱི་མིའི་རིགས་ཀྱི་རང་ཤི་རེད་དམ་ཞེས་པའི་ལྷུག་རྩོམ་གྱི་ནང་དུ་གཅིག་མཚུངས་ཀྱིས་ངེས་ཤེས་དེ་རྙེད་ཡོད་པ་སྟེ། དྷར་བཱན་(Darvin)གྱི་ཤོ་རྩེད་དེས་ས་སྒང་ལ་ནག་ཉེས་བཀབ་པ་དེ་ནི་འཇིག་རྟེན་འདིའི་སྣོད་བཅུད་ཀྱི་རྐྱེན་ངན་དུ་གྱུར་ཡོད་ལ། ལྷག་པར་དུ་ཚན་རིག་པ་དག་གིས་ཤ་ཟན་གྱི་སྲོག་ཆགས་དང་དུད་འགྲོའི་རིགས་ལ་སྐྱེས་འཕེལ་གྱི་རྣམ་དཔྱོད་མེད་པ་དང་། ང་ཚོའི་རིགས་འདི་རྒྱུད་འཛིན་དང་སྲུང་སྐྱོབ་བྱ་དགོས་པའི་འདུ་ཤེས་གཤིས་གྲུབ་མ་དེར་བློ་རྟེན་ཆེ་དྲགས་པ་དེས་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ལ་སྒོ་མོ་ཆེ་ཆེར་ཕྱེས་ཡོད། ང་ཚོས་ཚོགས་སྡེ་དབར་གྱི་ཛ་དྲག་གི་ས་རྩོད་དེ་སྒེར་སྡེམ་གྱིས། ཆེས་མ་མཐའི་དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་ཡོད་ལ། དེ་ནི་རིགས་ཚན་གྱི་སྐྱེས་འཕེལ་ནུས་པ་བདག་ཏུ་འཛིན་དྲགས་པའི་བྱེད་ལས་ཀྱིས་བསྐྱེད་པ་ཞིག་ཡིན་ཞིང་། མཉམ་འབྲེལ་དེ་ཁྱིམ་ཚང་དང་ཚོགས་སྡེ་ཡི་ཚད་ལས་བརྒལ་བའི་དཀའ་ཁག་ཅིག་ཀྱང་རེད།
ཅི་ཞིག་ནི་རྣམ་དཔྱོད་ཀྱི་ཆ་ཤས་དག་གི་རྨེག་མེད་ཡིན་ནམ། ཅི་ཞིག་ནི་ཆོས་ལུགས་དང་སྤྱི་ཚོགས། ཆབ་སྲིད་ཀྱི་འཚོ་བ། སྒྱུ་རྩལ་དང་ལོ་རྒྱུས་ལས་ཁོད་དུ་ཕྱུང་བའི་བུད་མེད་མཐར་སྤྲོད་ཡིན་ནམ། རྨེག་མེད་ཅིག་ནི་ཇི་འདྲའི་མཐའ་ཀླས་པ་ཞིག་རེད་ཨང་། ང་ཚོས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་བོར་བརླག་གི་མཇུག་འབྲས་དེ་བློས་དཔག་བྱ་རྒྱུ་ཤིན་ཏུ་ཁག་པོ་ཞིག་ཡིན་པ་སྟེ། དམའ་འབེབ་དང་ཟུར་འཕུད། ཤེས་ཡོན་ནག་སུབ་སོགས་བོར་བརླག་ཏུ་སོང་བའི་བུད་མེད་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཚང་མ་གཞི་གཅིག་ཏུ་སྤུངས་ནས། ཁྱིམ་གཞིས་ལས་བརྒལ་དེ་ས་སྒང་འདིར་འཚོ་གནས་བྱེད་དུ་བཅུགས་ཡོད་ན་ཇི་འདྲ་ཞིག་ཡིན་སྲིད། ང་ཚོ་རང་ཉིད་ཁྱུར་མྱིད་གཏོང་ཉེན་ཆེ་བའི་དྲི་བ་འདི་དག་ཅི་ལྟར་འབྲི་བཞེངས་བྱ་དགོས་སམ། ཐོག་མར་འུ་ཅག་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་གཟུགས་འདིས་ཉི་མ་རེ་རེར་མྱོང་བཞིན་པའི་འཚོ་བའི་ཁྲོད་དུ་ཟབ་ཞུགས་བྱེད་ཐུབ་མིན་གྱི་གསལ་ཁ་འདོན་དགོས་པ་སྟེ། ང་ཚོས་ཉིན་མཚན་དུས་དྲུག་ཏུ་བརྒྱུད་པའི་མྱངས་པ་དེ་རང་ཉིད་ཀྱི་ཐབས་ལམ་སྤྱད་ནས་མཚོན་བྱ་དང་མཚོན་བྱེད་ཀྱི་བར་གསེང་དུ་བསྐུངས་པའི་དངོས་པོ་དེ་འབྲི་ཨེ་ཐུབ་བལྟ་རྒྱུའི་རྩོལ་བ་དེང་དུ་ལེན་དགོས། སྙན་ངག་པ་དག་ལ་མཚོན་ན་སྐད་ཆ་དང་ལྷག་པར་དུ་སྐད་བརྡའི་སྒྱུ་རྩལ་ལམ་སྙན་ངག་ནི་ཡོད་ཚད་ལས་ཐོལ་བརྒལ་བྱ་སྲིད་པར་ཡིད་ཆེས་བྱས་ཡོད།
དྷེ་ཁེན་ཟྰིན(Dickinson)གྱིས།གལ་སྲིད་ངས་ཡོད་ཚད་ཨང་རིམ་ལྟར་བསྒྲིག་དགོས་ཚེ། ཨང་དང་པོ་དེ་སྙན་ངག་པ་དང་། དེའི་རྗེས་སུ་རིམ་བཞིན་ཉི་མ། དབྱར་ཁ། ཐ་མ་དེ་ལྷ་ཡུལ་ཡིན་ལ། སྐབས་འདིར་ཐོན་དུས་ངའི་ཨང་རིམ་ཡོད་ཚད་བརྩིས་ཚར་སོང་བ་ཡིན་ཞེས་བཤད་པ་ལྟར། དེ་ནི་སྙན་ངག་གི་སྐད་བརྡས་གཟུགས་ཅན་གྱི་བྱེད་ནུས་དེ་གཟུགས་ཀྱི་སྟེང་དུ་འཕོ་འགྱུར་གྱིས་བརྗོད་བྱ་གང་དེའི་མངོན་པར་དཀའ་བའི་བྱེད་ནུས་དགྲོལ་ཐབས་ལ་བརྩོན་པ་སྟེ། གཟུགས་སུ་བཀོད་པ་དེ་ནི་ཚོར་བ་གཟུགས་ཅན་དེ་ཚོད་བགམ་རང་བཞིན་གྱིས་མཚོན་པར་བྱེད་པའི་བརྡ་གཟུགས་གསར་མ་ཞིག་ཡིན་པ་ལས། ཚོར་ཤེས་གཟུགས་ཅན་དེའི་དེ་ཉིད་ཇི་བཞིན་དུ་མཚོན་པའི་མིང་བརྡ་ཞིག་རྙེད་མེད་པ་དེ་ཡིན།
བུད་མེད་ཀྱི་ཐོབ་ཐང་རིང་ལུགས་པ་དང་ལྷ་ཆོས་རིག་པ་བ་ཟྰ་ལེ་ (SallieMcfague) ཡི་ལུགས་ཀྱི་བསླབ་བྱའི་ཁྲོད་ཀྱི་བརྗོད་པ་ཞེས་པའི་ནང་དུ་འདི་ལྟར་བྲིས་ཡོད། སྐད་ཆས་རང་རང་གི་ཚོར་ཤེས་དག་གླེང་གིན་ཡོད་ལ། མིིའི་རིགས་ཀྱི་དབང་ཤེས་ངོ་མ་དེ་སྐད་བརྡའི་བཀག་རྒྱའི་ཁྲོད་དུ་ལུས་བསྡད་ཡོད། ཧུར་བྷིར་ཐུ(HerbertMarcuse )ཡིས་བཤད་པ་ལྟར། སྐད་བརྡ་ནི་ཆོས་ལུགས་དང་ཆབ་སྲིད་སོགས་ཀྱི་ཤེས་ཚོར་མཚོན་བྱེད་ཀྱི་བརྡ་ཆད་རང་ཉིད་དམ་ནུས་པ་ངོས་གཅིག་མ་ཞིག་ཡིན་པ་ལས། ང་ཚོའི་དབང་ཤེས་ཀྱིས་ཅི་ཞིག་ཤེས་ཚོར་བྱུང་བའི་གཏིང་རིམ་གྱི་ཚོར་ཤེས་དེ་མིན། སྐད་བརྡ་དེ་མཚོན་བྱེད་ཅིག་ཡིན་པ་ལས་མཚོན་བྱ་དེ་མིན། ང་ཚོ་མིའིི་རིགས་ཀྱིས་སེམས་ཀྱི་གཏིང་རིམ་དུ་ཡོད་པའི་ཚོར་ཤེས་ཀྱི་ནུས་པ་དེ་མཚོན་བྱེད་སྐད་ཆའི་ནུས་པ་ཙམ་གྱིས་ཚད་བཀག་ཐེབས་ཤིང་། ང་ཚོའི་དབང་ཤེས་ངོ་མ་དེས་སྐད་ཆ་རེ་རེ་བཞིན་སྟེང་འཛིན་གྱིས། མིིའི་རིགས་ཀྱི་སེམས་གཏིང་དུ་ཡོད་པའི་མཚོན་བྱའི་སེམས་བྱུང་གང་དེར་མཚོན་བྱེད་སྐད་བརྡའི་ནུས་པ་བཅར་ཐབས་བྱ་དགོས་ཞེས་བཤད་པ་ལྟར། ངས་ཨེ་ལེ་ཟན་དྷི (ElizabethAlexander) ཡིས་ཁོ་མོའི་སྙན་རྩོམ། ངས་རྨི་ལམ་འདི་རང་གི་མ་ཡུལ་ལ་བཤད་ཟིན་ཞེས་པའི་འཐབ་འཁྲུག་ལ་རྒོལ་བའི་སྙན་ངག་དེ་ཀློག་དུས་སུ། འཐབ་འཁྲུག་གང་རུང་གིས་བཞག་པའི་རྨེད་མེད་ཀྱི་འཇིག་ཉེན་ལས།སྐྱེས་པ་དང་ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་གཤིས་རྒྱུད་དང་དྲན་ཤེས་ཀྱིས་བཞེངས་སྐྲུན་བྱས་ཤིང་། འཐབ་འཁྲུག་གི་ལྡོག་ཟླར་ལངས་པའི་ཚོར་ཤེས་མཚོན་བྱ་དེའི་གཏིང་རིམ་ལ་བཅར་ཡོད་སྟབས། ང་རང་ཡང་སྙན་ངག་དེའི་ནང་གི་ཨེ་ལེ་ཁུ་ཟན་དྷི་ཡི་ཚོར་ཤེས་ངོ་མ་དེ་དང་འདྲ་བར་འཐབ་འཁྲུག་གི་འཇིག་ཉེན་ལ་དྲན་ཤེས་བརྟེན་དུ་བཅུགས་ཡོང་ལ། ཁོ་མོའི་གཏིང་རིམ་གྱི་མྱོང་ཚོར་དེ་བརྒྱུད་ནས་ང་ཚོ་ཡང་ཚོར་ཤེས་དེ་དང་ཟབ་ཚད་འདྲ་མཉམ་གྱི་རིམ་པ་ཞིག་ཏུ་ཁྲིད་འགྲོ་བ་མ་ཟད། ད་དུང་འབྱུང་འགྱུར་གྱི་འཚོ་བའི་ཆག་འཇིག་དང་དུར་འཇུག་ བཅས་ལ་འདང་རྒྱག་སྤྲད་ཡོང་།
རྨི་ལམ་དེ་ངས་མ་ཡུམ་ལ་བརྗོད་ཟིན།
ཁང་ཁྱིམ་འདི་ཕལ་ཆེར་འུ་ཅག་གི་མལ་ཁྲིས་བཀང་ཟིན།
མལ་ཁང་ཆུང་ངུ་འདི། མལ་ཁྲི་མཐོན་པོ་འདི།
འཁོར་ལོ་ཚོའི་ཁ་ན་ཡོད་སྟབས། མཚམས་ལན་རེར་སྒྲིལ་དགོས།
གྲུ་ཟུར་གྱི་གྲུ་ཟུར་དུ་ཡོད་པའི་ཁང་ཁྱིམ་འདིར།
ཁང་མིག་དེ་ས་སྒང་རིལ་བོ་ཞིག་གི་རྩེ་རུ་ཡོད་སྟབས།
ང་ཚོས་མལ་ཁྲི་དེ་སྒྲིལ་ལ་སྤྲོ།
འུ་ཅག་གིས་གཏོར་བཅོམ་དང་འཁྱམས་ཉུལ་བགྱིས་ཆོག་པ་དང་འདྲ་བར།
ང་ཚོའིི་གླིང་ཆེན་འདི་རང་ཉིད་ལ་བདག་པ་དང་འདྲ་བའི་ཚོར་བ་བྱུང་།
ཨ་མ་ཐེངས་དང་པོར་འུ་ཅག་གི་ཁང་མིག་ཏུ་འཛུལ་དུས།
ཁོ་མོ་ཐད་ཀར་ཁང་ཁྱིམ་དུ་སོང་ཡོད་ལ།
འུ་ཅག་གི་མལ་ཁྲི་དེར་ཁྱོད་ཀྱི་ཕ་ཡུལ་ནས་ཡོང་བའི་ཆབ་ཕུད་མཆོད་ཡོད།
ཁོ་མོས་དེ་མ་ཐག་ངའི་སིལ་ཏོག་ལྟ་བུའི་མཁུར་ཚོས་དང་འབག་བཙོག་མཐོང་ཡོད།
དུས་ཡུན་རིང་བོ་ཞིག་མ་སོང་བར་ཉལ་ས་དེར་བྱིས་པ་བུ་ཞིག་ཐོན་ཡོད།
ཟླ་ཤས་ཤིག་གི་རྗེས་ཀྱི་ཞོགས་པ་སྔ་མོ་དེར།
བྱ་སྒོང་དང་པོ་དེ་བཅགས་པ་ནས་བཟུང་།
དཀར་ཡོལ་གཙང་མ་དེའི་ནང་དུ་བྱ་སྒོང་ཉིས་གཅོག་སུམ་གཅོག
སྒོང་ངའི་མེ་ཏོག་བཟོས་ནས་སྤྲད་ཡོད།
ཁྱོད་ཀྱི་ཨ་མའམ་ད་ལྟའི་ང་ཚོའི་ཨ་མས་བརྡ་རྟགས་བཀླགས།
བརྡ་རྟགས་གང་སར་ཡོད་ཅིང་གང་སར་ཁྱབ་ཏེ་བརྟ་རྟགས་ཀྱི་དུས་ཚིགས་ཤིག་ཏུ་གྱུར།
འབག་བཙོག་གིས་ཟིན་པའི་ཀར་ཙེ་ཆུང་ཆུང་དག་གླིང་ཆེན་གསུམ་བརྒལ་ནས།
བང་ཚད་ལས་འདས་པའི་དུང་མདོག་གི་མལ་ཁྲི་ཆེན་པོ་དེ་བསྒྲིལ་སོང་།
ད་ལྟ་གསུམ་གཉོར་གྱིན་ཡོད་ནའང་དེ་མ་ཐག་བཞི་རུ་འགྱུར་དགོས།
མལ་ཁྲི་དེའི་སྟེང་དུ་བུ་གཉིས་དང་སྐྱེས་པ་གཅིག་ཡོད་ལ།
དེའི་སྟེང་དུ་ང་རང་བསྣན་ན་བཞི་རུ་གྱུར་ཡོད།
འུ་ཅག་གི་ཨ་མས་བརྡ་རྟགས་ཡོད་ཚད་ཀློག་བཞིན་སྐྱབས་འཇུག་ཞུས།
འུ་ཅག་གི་མལ་ཁྲིའི་ཆེད་དུ་གསོལ་བ་བཏབ་ཅིང་།
མལ་ཁྲི་ཁེངས་པའི་འུ་ཅག་གི་བྱིས་པ་དག་གི་ཆེད་དུ་སྐྱབས་འཇུག་ཞུས།
ཁོ་མོའི་རང་ལྕོགས་དཀའ་བའི་ཉམས་ཆུང་གི་སེམས་པ་བརྒྱུད་ནས།
འུ་ཅག་གི་མལ་ཁྲིའི་ཆེད་དུ་གསོལ་བ་བཏབ།
འུ་ཅག་དང་འུ་ཅག་གི་ཉལ་ས་དྲོ་བའི་སྨོན་ལམ་བརྒྱབས།
འུ་ཅག་དང་འུ་ཅག་གི་ཉལ་ས་སྐྱིད་པའི་སྐྱབས་འཇུག་ཞུས།
ཁོ་མོས་རྨི་ལམ་རྨིས་མགོ་བརྩམས།
བྱིས་དུས་ཀྱི་མེ་ཏོག་དང་འདས་ཟིན་པའི་ཕ་མ་གཉིས་རྨིས་མགོ་བརྩམས།
སྒུག་སྡོད་བྱ་སའི་ཁང་མིག་ཅིག་ནས་ངའི་རྨི་ལམ་དེ་ཁོ་མོར་བཤད།
པར་བ་ཞིག་གིས་བུད་མེད་པར་དུ་བཏབ་རྗེས།
བུད་མེད་ཚོའི་རང་གཤིས་ངོ་མ་དེ།
ཁོ་མོའི་འདྲ་པར་དག་གི་སྟེང་དུ་མངོན་ཐུབ་ཡོད་ཟེར།
ཁོ་མོས་འདྲ་པར་དེ་དུམ་བུར་གཤེགས་ཏེ་རྒྱབ་ཤོག་འབྱེད་དུས།
དེར་ངའི་བུ་ཕྲུག་གི་གདོང་པ་མངོན་ཡོང་ལ།
ངའི་བུ་ཕྲུག་དང་པོ་དེའི་གདོང་པ་དང་ང་རང་ཉིད་མངོན་ཡོང་།
མ་ཡུམ་རྨི་ལམ་འདིར་དགའ་བས་ངས་ཡང་བསྐྱར་རྨི་ལམ་དེ་བཤད།
དེ་མ་ཐག་ཁོ་མོའི་རྣམ་ཤེས་རང་གི་ཕ་མར་སྤྲུལ་ནས།
སྲིང་མོ་རྣམས་དང་བུ་ཕྲུག་གཅིག་བཅས།
ལག་ཏུ་ཁོ་མོའི་སྔར་གྱི་སླང་ཆེན་གཙང་མ་དེ་དང་འདྲ་བའི་ནང་དུ།
གཉིས་རེ་དང་བཅུ་རེ་བྱས་ནས་བཏུམས་པའི་བག་ལེབ་གོར་མོ་དག་དང་།
རང་ཁྱིམ་ནས་བཟོས་པའི་རྒུན་ཆང་ཁྱེར་ནས། བུད་མེད་བསླེབས་སོང་།
གྲལ་དག་པའི་གྱོན་ཆོས་བསྣམས་ཤིང་།
གདོང་ལ་ཕམ་ཉེས་ཁུར་བའི་སྐྱེས་པ་ཡང་བསླེབས་སོང་།
ཁོ་ཚོ་མཉམ་དུ་ངུས་ཤིང་། ངུས་ངུས་མཐར།
མུ་མཐུད་དུ་གདུང་ཤུགས་དྲགས་པོས་ངུས།
ངུ་སྐད་མཉམ་འདྲེས་ཀྱིས་ཇེ་ཆེ་ནས་ཇེ་ཆེར་གྱུར།
འཇིག་རྟེན་གྱི་རི་ཆུ་ནག་གསུམ་ཡོད་ཚད་ངུ་སྐད་ཀྱིས་ཁེབས་ཤིང་།
ངུ་སྐད་མཐོ་དྲགས་པའི་རྐྱེན་གྱིས།
མཇུག་མཐར་དུར་སྒམ་ལས་ཇི་ཞིག་འདེགས་འདོད་པ་དེ་བཏེགས་ནས།
ང་ཚོས། ཕྱོགས་མེད་དུ་འཕྱོ་བའི་བྱ་སྤུ་དང་ཐལ་རྡུལ་ལ་ཅེར་ནས་ཁུ་སུམ་མེར་བསྡད།
བུ་མོ། ཁོ་མོས། ག་དུས་ཁོ་མོའི་འགྲུལ་བཞུད་མགོ་བརྩམས་པ་ཡིན་ན། ཁྱེད་རང་ད་ལྟ་ཨ་མ་ཞིག་ཡིན་ལ། ཁྱེད་ཀྱིས་འཛམ་གླིང་འདི་གཉོར་སྐྱོང་བྱ་དགོས་ཟེར།
སྙན་ངག་འདིར་མལ་ཁྲི་དེ་དྲན་འཆར་བགྱིས་པ་ལས་མགོ་བརྩམས་ཤིང་། མལ་ཁྲི་དེའི་ཆེ་ཆུང་དང་ཁོས་ཅི་ཞིག་གཉོར་སྐྱོང་བྱས་པ།བྱིས་པ་ཞིག་བཟོས་པ་ནས་སྐྱེས་པ་དང་། མཚར་ལོངས་བྱུང་བ་ནས་ཤི་བའི་བར་དུ་བེད་སྤྱད་ཅིང་། རྒྱུས་མངའ་ཆེ་མདོག་གི་ཁོ་ཚོའི་མལ་ཁྲི་དེར་ང་ཚོས་དྲན་ཤེས་རིང་བོ་ཞིག་བརྟེན་མྱོང་མེད། སྤྱིར་བཏང་སྐྱེས་འཆིའི་བརྒྱུད་རིམ་དེ་འབྱུང་བཞིན་ཡོད་ནའང་། གནས་འདིར་སྨན་ཁང་ལྟ་བུའི་དག་གཙང་གི་འཇིག་རྟེན་དུ། སྨན་རམས་པ་དག་གི་གྲལ་རིམ་ལྡན་ཞིང་སྐྱེས་འཆི་ཁོ་ནའི་མཐའ་གཉིས་སུ་འཇུས་པའི་དམིགས་བསལ་གྱི་རྣམ་དཔྱོད་དེ་མེད་པར། ཟུངས་ཁྲག་གིས་རྒྱུ་བའི་ཤེས་པ་ཞིག་སྟེ། འདས་གྲོངས་སུ་སོང་བའི་མ་ཡུམ་ནས་བུ་ཕྲུག་ལ་བརྒྱུད་ཅིང་། མེས་མོ་ནས་ཨ་མར་བརྒྱུད་པའི་དབང་ཤེས་ཤིག་དང་དངོས་གཟུགས་གང་ཞིག་གི་ངོ་བོར་འགྱུར་ཅིང་སྨྲ་བརྗོད་ལས་འདས་པའི་ཤེས་རབ་དེ་ལས། སྙན་ངག་འདིའི་ནང་དུ་ཅི་ཞིག་རྒྱང་འཕུད་དང་རྩ་མེད་བཟོ་བའི་རྣམ་དཔྱོད་དེ་མེད། སྙན་ངག་འདི་ནི་ཨ་མའི་དབང་ཤེས་ཀྱིས་བཟུང་བའི་ཤེས་བྱ་དང་བྱམས་སེམས་ཆེན་མོའི་གཟི་ཤུགས་ལས་མགོ་བརྩམས་ཏེ། སྐྱེ་བ་དང་སྡུག་ཡུས། རྨི་ལམ་དང་རང་བྱུང་། བརྩེ་བ་དང་འཆི་བ་བཅས་ཀྱི་འཁོར་འགྲོས་ཡོད་ཚད་ཀྱི་ལས་ཀ་དེང་དུ་བླངས་པའི་གདམས་པ་དེ་གསལ་སྟོན་བྱས་ཡོད།
མལ་ཁྲི་དེ་ནི་འཇིགས་སྣང་ཁྲོད་དུ་དྲན་པ་རང་སོར་གནས་དཀའ་བའི་ཁེར་རྐྱང་ཐོག་མ་དེ་ཡིན། དེ་ནི་སྒྲོག་ཐག་ཅིག་མིན། དེ་ནི་ཨ་མེ་རི་ཁའི་མལ་ཁྲི་ཞིག་ཡིན། ང་ཚོ་ཚང་མས་མལ་ཁྲི་དེ་ངོ་ཤེས་ཀྱིན་ཡོད། ཡིན་ནའང་མ་ཡུམ་འདིས་ང་ཚོའི་རིག་གནས་ཀྱི་ཡུམ་ཆེན་དེ་ཟུར་འཕུད་བཏང་མེད་པར། མྱོང་འདྲིས་དང་སྐྱབས་འཇུག་ཞུས་ཏེ་བུ་མོ་གསར་པ་དེར་ཐེག་དཀའ་བའི་དུས་ཚོད་ཅིག་སྤྲད་ཡོད། ལུ་གུའི་བརྒྱུད་ལྟར་སྦྲེལ་པའི་ཨ་མའི་ཤེས་རབ་ཀྱི་སྦྲེལ་ཐག་དང་བདག་དབང་གི་དེ་ཉིད་ཁྱེར་པའི་བང་མི་ཞིག་ཡིན་ལ། ལས་ཀྱི་སྣེ་མོ་བ་ཞིག་དང་མྱེས་མོ་ཞིག་ཡིན། ཁོ་མོ་བསླེབས་ཡོད། ཡུལ་ལུང་གཞན་ཞིག་གི་དཔེ་དོན་གང་རུང་ལ་སྤྲུལ་ནས་བསླེབས་ཡོད། ཁོ་མོ་ནི་གཟུགས་ཅན་གྱི་ཡུལ་ལུང་ཞིག་གི་བརྟ་རྟགས་དང་དཔེ་གཟུགས་ཡིན། ཁོ་མོ་ནི་རྟ་ཕུར་ཞིག་གམ་འབབ་ཚིགས་ཤིག་ཡིན་སྟབས། གནས་འདི་ནས་ཁྱིམ་གཞིས་ཤིག་གི་མགོ་བརྩམས་ཆོག་ལ་གཞིས་ཀྱང་ཆགས་ཆོག མལ་ཁྲི་འདིས་སུ་ཡང་རྒྱང་འཕུད་དུ་གཏོང་མ་མྱོང་བར་བྱིས་པ་དག་ཡོང་རྐྱང་བྱས་ཆོག་ལ་ལྟ་ཀློག་པ་དག་ཀྱང་ཕེབས་ཆོག་ཆོག་ཡིན། ཁོ་མོ་གནས་འདིའི་ཁྱིམ་གཞིས་ཡོད་ཚད་ལ་བསྐྱར་འཁོར་གྱིས་དྲོལ་ཁོལ་དང་སྐྱབས་འཇུག་གིས་བཟུང་ནའང་། ང་ཚོས་འདས་གྲོངས་སུ་སོང་བའི་ཁོ་མོའི་ཁྱིམ་གཞིས་དག་དང་མེས་མོ་རྣམས་ལ་མྱ་ངན་དང་རྗེས་སུ་ཡི་རངས་བྱེད་མཁན་ག་ཚོད་ཅིག་ཡོད་མེད་ལ་བློ་ཁ་ཕྱོགས་མྱོང་མེད།
གང་ལྟར་མཐའ་མཇུག་དེར། འདས་གྲོངས་སུ་སོང་བའི་བུད་མེད་དེས། བུ་མོ། ཁོ་མོས། ག་དུས་ཁོ་མོས་འགྲུལ་བཞུད་མགོ་བརྩམས་པ་ཡིན་ན། ཁྱེད་རང་ད་ལྟ་ཨ་མ་ཞིག་ཡིན་ལ། ཁྱེད་ཀྱིས་འཛམ་གླིང་འདི་གཉོར་སྐྱོང་བྱ་དགོས་ཟེར། ཞེས་པའི་ཞལ་ཆེམས་དེ་གནས་འདིར་བཞག་ཡོད།
ཨེ་ལེ་ཁུ་ཟན་དྷི་ཡི་སྙན་ངག་འདིའི་ནང་གི་བུད་མེད་ཀྱི་ཞིང་ཁམས་འདིས་སྐྱེས་པར་ངོ་རྒོལ་བྱས་པ་ཞིག་མིན་པར། དེ་ནི་དྲན་ཤེས་སམ་ཤེས་བཞིན་གང་དེར་ཚང་རྩིས་དང་ངོས་ལེན་བྱས་པ་ཞིག་དང་རིགས་ཀྱི་མྱུ་གུ་གསར་པར་གཤིན་ས་བསྐྲུན་པ་ཞིག་ཡིན་ཞིང་། བུད་མེད་ཀྱི་དག་ཞིང་འདིར་འཇིགས་སྐུལ་དང་ཉེན་བརྡ། ཁྲིམས་གཅོད་དང་གདུག་རྩུབ། མི་གསོད་ཁྲག་སྦྱོར་མེད་པར། ཞི་བདེ་བག་ལྷོད་ཀྱིས་མཉམ་འདུས་དང་སྐྱེལ་མ་བྱ་ཡུལ་ཞིག་ཡིན། དག་ཞིང་འདིས་ང་ཚོར་གདོད་ནས་མེད་དུ་མི་རུང་བའི་ཤེས་རབ་ཞིག་བསླབ་ཁྲིད་བྱེད་ཀྱིན་ཡོད། སྙན་ངག་འདི་ནི་སྤྲེལ་མཐུད་ཅིག་སྟེ། དོན་དུ་ཡོད་ཚད་འདུས་པ་ནས་ཕྱོགས་སུ་འབྲལ་བའི་འཇིགས་སྣང་དེས་ཡོད་ཚད་གཞན་ཞིག་ཏུ་སྦྲེལ་ནས་ཡོད། ཡུལ་ལུང་ངམ་རྒྱལ་ཁབ་རྙིང་པ་དང་གསར་པ།འཆི་བ་དང་གསོན་པ། བུ་མོ་དང་མ་ཡུམ། བུ་མོ་རང་ཉིད་ནས་ཁྱོ་ག་དང་བུ་ཕྲུག་སོགས་ཡིད་གདུང་གཅིག་ལ་གཅིག་བརྟེན་གྱིས་འཛམ་གླིང་འདི་ནས་གཞན་དུ་བསྲིངས་ཡོད། སྙན་ངག་འདིའི་མགོ་མཇུག་བར་གསུམ་དུ་ང་ཚོས་རིག་གནས་དང་གདོད་གཤིས་ལས་རིམ་བཞིན་ཅི་ཞིག་འདོར་བཞིན་པའི་ཚོར་ཤུགས་དྲག་པོ་ཞིག་གིས་ཁྱབ་པར་བྱས་ཡོད་ལ། ཁྱིམ་གཞིས་ཀྱིས་འཛམ་གླིང་གི་བུད་མེད་ཀྱི་འཚོལ་སྙེག་ལ་སྒྲོག་ཐག་དང་བཀག་རྒྱ། བཙོན་འཇུག་ལྟ་བུའི་འདུ་ཤེས་སྤྲོད་ཀྱིན་མེད་པར། དོན་དུ་མཐའ་ཡས་པའི་འཇིག་རྟེན་མང་བོ་ཞིག་སྦྲེལ་པར་བྱེད་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཅིང་། ག་ས་གང་དུ་དམག་ཤུགས་ཀྱི་གཡུལ་འགྱེད་ཀྱིས་ཡོད་ཚད་རྨེག་མེད་དུ་གཏོང་བའི་འཇིགས་ཉེན་ཁྲོད་དུ། དམིགས་འདུན་གང་ཞིག་གི་ཆེད་དུ་ཟོལ་གྱིས་འཆོས་པ་མ་ཡིན་པར། བརྩེ་སེམས་རྣལ་མ་ཞིག་གི་ནང་དུ་རང་ཉིད་ཡོངས་སུ་སྦངས་པར་གྱུར་དེ། ཚང་མལ་ཞིག་གམ་མལ་ཁྲིག་ཞིག ཁྱིམ་གཞིས་ཤིག་གི་འཚར་ལོངས་ཀྱི་ཆེད་དུ་ཡོད་ཚད་གཏོང་རྒྱུའི་རེ་འདུན་བཅངས་ཡོད།
མཐའ་དོན། སྙན་རྩོམ་འདི་ནི་ཕྱིར་ཕུད་ཁྲོད་ཀྱི་བུད་མེད་དག་གིས་རྒོལ་དུ་ཤོར་བའི་འཚོ་གནས་ལ་སྔོག་འདོན་བྱས་ཡོད་པ་ཞིག་རེད། ཨེ་ལེ་ཁུ་ཟན་དྷི་ཡིས་ཇི་ལྟར་བྱས་ནས་ང་ཚོ་སྦས་དོན་འདིའི་ནང་དུ་འཁྲིད་ཐུབ་སོང་བ་རེད་དམ། ཁོ་མོས་མ་ཡུམ་དག་གམ་ཁོ་ཚོའི་འཚོ་བའི་འགྱུར་ཁུག་ལ་ཉན་ནས་འགྱུར་རྟ་དེ་བསྐྱར་དུ་ང་ཚོར་གླུ་རུ་བླངས་པ་ཞིག་ཡིན་ལ། མྱོང་བའི་ཁྲོད་དུ་གསོན་ཤུགས་ཀྱིས་ཕྱུག་པའི་ཚོར་ཤེས་གཟུགས་ཅན་པ་དེ་རྨི་ལམ་ཇི་བཞིན་སྙན་རྩོམ་གྱི་གཟུགས་སུ་ཟབ་ཞུགས་བགྱིས་པ་ཞིག་གོ།
(ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པ་དང་དགུ་བའི་བར་གྱི་ཨ་རིའི་སྙན་ངག་གི་ཕྱི་མིག་ཅེས་པའི་ཟླ་ཟུང་དུས་དེབ་ལས་བདམས་བསྒྱུར་བྱས།)
09/27/2015 ཉིན། ཕོ་བྲང་དཀར་ལ་སྲིད་འཛིན་ནག་པའི་གདན་ས་ནས།
མཆན་བུ།
དཔྱད་བརྗོད་པ་ཨེ་ནེ། ཨ་རིའི་སྙན་ངག་པ་དང་དཔྱད་བརྗོད་པ།
Anne Marie Macari (born 1955) is an American poet.Her first book won The APR/Honickman First Book Prize in Poetry. Macari’s poems have been published in many literary journals and magazines, such as TriQuarterly, Bloomsbury Review, Shenandoah, The American Poetry Review, Five Points’ James Dickey Prize for Poetry, The Cortland Review, and The Iowa Review. She is also published in anthologies including From the Fishouse (Persea Books, 2009) and Never Before: Poems About First Experiences (Four Way Books). In 2008 she published the book She Heads Into the Wilderness (Autumn House Press).
ཨེ་ལེ་ཁུ་ཟན་དྷི།
དཔྱད་བརྗོད་འདིའི་ནང་གི་རྨི་ལམ་དེ་ངས་མ་ཡུམ་ལ་བརྗོད་ཟིན་ཞེས་པའི་སྙན་ངག་དེའི་རྩོམ་པ་པོ་ཨེ་ལེ་ཁུ་ཟན་དྷི། ཨ་རིའི་སྙན་ངག་པ།
Elizabeth Alexander (born May 30, 1962) is an American poet, essayist, playwright. She’s the inaugural Frederick Iseman Professor of Poetry and a Thomas E. Donnelley Professor of African American Studies, at Yale University.
དྷར་བཱན།
(Charles Robert Darwin,1809-1882)དབྱིན་ཇིའི་སྐྱེས་དངོས་རིག་པ་གྲགས་ཅན། སྐྱེ་འཕེལ་རིག་པའི་བྱེད་པོ་སོགས་སོ།
ཧུར་བྷིར་ཐི།
(Herbert Marcuse, 1898-1979) ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་དང་མཛེས་དཔྱོད་རིག་པ་བ། བརྩམས་ཆོས་ལ་དཔྱོད་ཤེས་དང་གསར་བརྗེ། ངོས་གཅིག་མའི་མི། བསེད་གྲོལ་མཚན་ཉིད་རིག་པའི་ཞིབ་འཇུག་སོགས་མང་ངོ།
ངེད་དྲ་ཚིགས།