ཁྱུང་དང་གཡག

――བོད་ཀྱི་རྐྱེན་ཡིག་གཉིས་སྟེ་དབུ་ཁྱུང་དང་ཤད་ཀྱི་བརྗེད་ཐོ།

བན་ཤུལ་དཔལ་མཁར་རྒྱལ༼ལྷ་ས༽

བྱ་རྒྱལ་ཁྱུང་ཆེན་སྤྲིན་གྱི་གོང་དུ་ལྡིང་།།
རྐྱེན་གྱི་དབུ་ཁྱུང་དེ་ལས་རྣམ་པར་མཆེད།།
གཡག་རོག་རྔ་མ་ཤད་ཀྱིས་ཐུར་ལ་འཕྱང་།།
བར་བཅད་ཤད་ཀྱི་རྟགས་ནི་དེ་ལས་ཐོན།།
དབུ་ཤད་ཟུང་གཅིག་མེས་པོའི་ངག་ན་ཉལ།།
སྤུ་རྒྱལ་ཡི་གེ་དེ་ལ་གནད་དུ་འབྲེལ།།
ང་ཡི་ཡང་མེས་བོན་རྒན་རལ་པ་ཅན།།
ཐན་དུ་བརྩི་བའི་གནད་དེ་ཤོད་ཅིག་ཀྱེ།།

          དེ་ལ་སྐབས་འདིར་ལོ་ངོ་སྟོང་ཕྲག་གི་བྱུང་བ་མངའ་བའི་བོད་ཀྱི་ཡི་གེ་འཕེལ་རིམ་ལས་རྐྱེན་གྱི་ཡི་གེ་གཉིས་སུ་བགྲང་བའི་དབུ་ཁྱུང་དང་ཤད་ཀྱི་སྐོར་ནས་མི་བརྗེད་པའི་ཐོ་ཡིག་ཅིག་འགོད་པ་ལ། གཟུགས་རིས་འདི་གཉིས་ནི་ཐོག་མར་སྤུ་རྒྱལ་བོད་ཀྱི་ཡུལ་ལུང་ན་ངོ་མཚར་གྱི་གཏམ་རྒྱུད་དུ་མས་ཕྱུག་པའི་སྲོག་ཆགས་ཁྱུང་དང་གཡག་གཉིས་ལས་བྱུང་བ་ཞིག་སྟེ། དབུ་ཁྱུང་གིས་དྲངས་ནས་མཇུག་གཡག་རྔས་སྡུད་པའི་གོ་དོན་ནི་བོད་ཀྱི་དབུ་ཤད་གཉིས་ཀྱི་འབྱུང་ཁུངས་དངོས་ཡིན་པས་སྐབས་བབས་ནི་དེའི་སྐོར་རྭ་སྤྲོད་བྱེད་རྒྱུ་དེ་ཡིན།

         ཨ་མདོ་སོགས་སའི་ཁམས་སུ་གནས་པའི་འབྲོག་པ་རྣམས་ཀྱི་ཡུལ་སྐད་རྙིང་མར་ཡི་གེ་མགོ་རྒྱན་དེ་ལ་དབུ་ཁྱུང་ཞེས་ས་གྲགས་གནམ་གྲགས་སུ་སོང་ཡོད་པ་དེ་ནི་ཧ་ཅང་དག་པ་འདྲ་སྟེ། བྱ་ཐམས་ཅད་ཀྱི་རྒྱལ་པོ་ཁྱུང་ཡིན་པས་ཁ་སྐད་དུའང་བྱ་རྒྱལ་ཁྱུང་ཆེན་ཟེར་ཞིང་བྱ་རྣམས་ནམ་འཕང་བཅད་ནས་འཕུར་བའི་ཚེ་ཁྱུང་གིས་མགོ་འདྲེན་པ་ལྟར་ཡི་གེ་དང་བརྗོད་བྱ་གང་ཞིག་མགོ་རྩོམ་པའི་ཚེ་ནའང་དབུ་ཁྱུང་གིས་མགོ་འདྲེན་དགོས་པ་ཡིན་ནོ།།  ཡིན་ནའང་གནའ་བོའི་རིག་གནས་ཀྱི་ཁུངས་དང་འབྲེལ་བའི་དབུ་ཁྱུང་བྱ་བའི་ཐ་སྙད་དེ་ཕྱིས་སུ་འགྱུར་བཅོས་གནང་ནས་དབུ་ཁྱུད་དུ་བཅོས་ཡོད། དེའི་ཚུལ་ནི་སྔགས་བན་གྲུབ་ཕུག་པ་བྱ་བས་མཛད་པའི་ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད་བྱ་བར་འདི་ལ་དང་ཀྱོག་གམ་བེརྒ་དང་དབུ་ཁྱུད་ཀྱང་ཟེར་ཞེས་དང་དེ་ལ་མཐུན་པར་ཨ་ལགས་ཤ་ངག་དབང་བསྟན་དར་གྱིས་ཀྱང་དབུ་ཁྱུད་ཅེས་བཀོད་ཡོད། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས ༄༅ དབུ་ནི་འདི་འདྲ་ཞིག་སྟེ་དབུ་ཁྱུད་དང་། དང་ཀྱོགབེརྒ་ཡང་ཟེར་རོ་བྱ་བ་རྣམས་ལས་གནའ་བོའི་ཡུལ་སྐད་རྙིང་མ་དབུ་ཁྱུང་ཡིག་སྐད་དུ་ཕབ་དུས་དབུ་ཁྱུད་དུ་བྲིས་པ་གསལ་བོར་ཤེས་ནུས་ལ། ཕྱིས་ཀྱི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བར་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་ན། དང་ཀྱོག་གླང་བོའི་སྣ་ལྟ་བུ་ལ་དབུ་ཁྱུད་ཅེས་ཟེར་དགོས་རྒྱུ་ལ་ཁྱུད་ཀྱི་རྗེས་འཇུག་ང་ཡིག་དུ་བཀླགས་ནས་དབུ་ཁྱུང་ཞེས་ཁ་ནས་འབོད་ཅིང་ལག་ནས་འབྲི་བ་དང་། ཁྱུད་ནི་མུ་ཁྱུད་དང་ཁྱུད་མོ་ཞེས་པའི་སྐབས་སུ་རི་མོ་གོར་གོར་རམ་གུག་ཀྱོག་གི་མིང་ཡིན་པ་ཤེས་ན་ལོག་རྟོག་དེ་བཟློག་སླའོ་ཞེས་སྔོན་གྱི་དབུ་ཁྱུང་བྱ་བའི་ཐ་སྙད་དེའི་དོན་ཡོངས་སུ་བཅོམ་ནས་ཁྱུད་དུ་བཅོས་པའི་ཁར་དེ་ལ་སྒྲུབ་བྱེད་ཀྱང་བཀོད་ཡོད། དེ་ལྟ་ནའང་གནའ་བོའི་རིག་གཞུང་གི་ངོས་ནས་བལྟས་ཚེ་དབུ་ཁྱུང་ཡིན་པ་ལས་འོས་ག་ལ་ཡོད་དེ་ཁོང་རྣམས་ཀྱིས་བེརྒ་བྱ་བའི་ཐ་སྙད་རྙིང་མ་དེའི་དོན་མ་གོ་བར་ཟད་སྙམ། དེ་ལ་བེརྒ་བྱ་བ་ནི་ལེགས་སྦྱར་གྱི་སྐད་བོད་རང་སའི་ཡུལ་སྐད་ལྟར་འགྱུར་བ་ཕྱིན་པའི་དབང་གིས་ཡིན་ལས་ཆེ་སྟེ། དོན་ལ་བྱ་ཁྱུང་གི་སྐད་དོད་གྷ་རུ་ཊ་བྱ་བར་བླ་ལྷག་གི་ཚིག་སྟེ་བྱ་ཞེས་པ་བསྣན་ནས་བྱ་གྷ་རུ་ཊ་རུ་འགྱུར་ཞིང་དེ་ནས་མགྱོགས་པོར་བཀླག་ཏེ་བེརྒ་ལྟ་བུར་འགྱུར་བ་ཡིན། བེརྒ་ནི་ཡི་གེ་རྣམ་པར་བཤད་པ་ཐོན་མི་སམ་བྷོ་ཊས་མཛད་པ་བཞུགས་སོ་བྱ་བའི་དཔེ་རྙིང་ཤིན་ཏུ་གཅེས་པ་ལས་འོ་ན་དང་པོ་ཡི་གེའི་མགོ་རུ་པེ་ཀ་རིས་ཅིག་བྱ་བ་ཅིའི་བརྟགས་ཞེས་དང་དེ་ལ་དང་པོ་བེང་ཀ་རིས་ཡིག་མགོ་བྱུང་བ་ཆོས་ཉིད་གཡོ་བ་མེད་པའི་རྟགས་ཞེས་འགྲེལ་བཤད་མཛད་པར་བརྟག་བྱ་ཤིན་ཏུ་ཆེ་སྙམ་སྟེ། འདི་ཡང་དོན་ལ་བྱ་ཁྱུང་གི་སྐད་དོད་གྷ་རུ་ཊ་བྱ་བའི་ལེགས་སྦྱར་སྐད་བོད་སྐད་དུ་འགྱུར་དུས་ཀྱི་གནད་དོན་ཞིག་ཡིན་ཞིང་། དེ་ལྟ་བུའི་ལེགས་སྦྱར་སྐད་ནང་གི་བྱ་ཁྱུང་བྱ་བའི་ཐ་སྙད་ཀྱི་བསྒྱུར་ཡིག་ནི། ཡུལ་ལུང་གི་སྐད་དུ་སོང་བའི་གནད་དོན་རིགས་ཤིན་ཏུ་མང་པོ་མངོན་ཡོད་པ་ནི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས་བྱ་ཁྱུང་ག་རུ་ཎ་ཞེས་དང་། བོན་གྱི་ཀླུ་འབུམ་ལས་བྱ་ཁྱུང་ཀེ་རུ་ལིས། ཤིན་ཏུ་གལ་ཆེ་བའི་བོན་གྱི་ཡིག་རྙིང་ལྟ་བའི་ཕྱོགས་སོ་ལས་སྐ་རུ། སྒྲ་ཉེ་བར་བསྡུས་པ་ལས་བྱ་ཁྱུང་ག་རུ་ཌ་ཞེས་སོགས་འབྱུང་བ་ལས་གསལ་བོར་ཤེས་ཐུབ་པ་ཡིན།

       ལར་འཛམ་གླིང་ཤར་ཕྱོགས་ཀྱི་སྐད་ཁོངས་སུ་མི་རིགས་ཕན་ཚུན་གྱི་སྐད་གྱིས་ཤན་ཞུགས་པའི་ཐ་སྙད་ཅི་རིགས་ཤིག་ཡོད་པ་ལྟར་དུ། བོད་རང་ལའང་སྔ་མོའི་དུས་ནས་བཟུང་དེ་ལྟར་དུ་ཡོད་པ་གང་ཞིག ཁ་ཅིག་གི་བསམ་པར་དབུ་ཁྱུང་ནི་བོད་ཀྱི་བརྡ་རྙིང་མ་ཞིག་ཡིན་བཞིན་དུ་དེ་ལ་ལེགས་སྦྱར་གྱི་སྐད་དོད་ཅིག་ཅིའི་ཕྱིར་ཡོད་དམ་སྙམ་ན་སླ་སྟེ། བོད་ཀྱི་ཡི་གེ་དང་བརྡ་སྤྲོད་པའི་སྐོར་ལ་དུས་རབས་བདུན་པ་ཙམ་ནས་རིམ་བཞིན་རྒྱ་གར་གྱི་གུ་བྷའི་ཡི་གེ་སོགས་མཐའ་བཞིའི་རྒྱལ་ཁབ་དག་གི་ཡིག་རིགས་མི་འདྲ་བ་དག་གི་ལེགས་ཆ་བླངས་ནས་འགྱུར་བཅོས་བྱས་པ་དང་། སྒོ་དེ་ལ་བསྟུན་ནས་བརྡ་སྤྲོད་བྱེད་ཀྱི་བརྡ་དང་ཐ་སྙད་རྣམས་ལའང་ལེགས་སྦྱར་གྱི་སྐད་དོད་མཉམ་དུ་སྦྱོར་སྲོལ་ཞིག་ཆགས་ཡོད་ལ། དེ་ཉིད་ཤུགས་ཆེ་རུ་ཕྱིན་པའི་ཚུལ་ནི་ཕྱིས་ཀྱི་སུམ་རྐང་བྱ་བའི་དོན་ལ་དཔྱད་པས་ཀྱང་ངེས་ཤེས་འདྲོངས་ཐུབ་པ་ཡིན། དེ་ལྟར་དུ་རྒྱ་གར་གྱི་ཐ་སྙད་མང་པོ་ཞིག་བོད་ཀྱི་ཡུལ་སྐད་ལྟར་འགྱུར་ཞིང་བྲིས་པའི་ཚབ་མཚོན་གཅིག་ནི་སྔོན་དུ་གླེང་ཟིན་པའི་དབུ་ཁྱུང་གི་སྐད་དོད་བེརྒ་ལྟ་བུ་ཡིན་ཏེ། ཐ་སྙད་དེའི་ཐོག་མའི་རྣམ་པ་གྷ་རུ་ཊ་ནས་སྐ་རུ་དང་ཀ་རིས་སམ་ཀེ་རུ་སོགས་སུ་འགྱུར་ཞིང་རིམ་བཞིན་ལེགས་སྦྱར་གྱི་སྐད་དོད་ཅིག་ཡིན་པའང་མི་ཤེས་པའི་བོད་རྒན་དག་གི་ཡུལ་སྐད་ལྟར་བེརྒ་འགྱུར་ཞིང་འབྱམས་པ་རེད། འདི་ནི་འཛམ་གླིང་སྤྱི་བའི་སྐད་བརྡའི་འགྱུར་སྟངས་ཀྱི་སྣང་ཚུལ་ཞིག་ཡིན་སྟབས་ཡ་མཚར་སྐྱེས་རྒྱུ་གང་ཡང་མེད་པ་ཡིན།

      དེ་ལྟ་བུའི་དབུ་ཁྱུང་དང་བེརྒའམ་དང་ཀྱོག་བཅས་རྣམ་གྲངས་སུ་བྱས་པའི་དབུ་ཁྱུང་གི་འབྱུང་ཁུངས་ལ་ལུང་རིག་གིས་དཔྱད་པ་གནང་མཁན་ཐོག་མ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་པར་བསམ་སྟེ། གང་དེས་མཛད་པའི་གཏམ་རྒྱུད་གསེར་ཐང་ན། ཡིག་མགོའི་ཏིང་ཀྱོག་འདི་ཡང་ཨོཾ་ཡིག་ཏུ་ཤེས་ལ། རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་པོར་ཨོཾ་ཞིག་བྲིས་འདུག་ཅིང་། སྔོན་དང་ད་ལྟའི་བར་གྱི་རྒྱ་ཡིག་ལ་ཨོཾ་གྱི་གཟུས་གཟུགས་འུ་འདི་འདྲ་ཡིན་ཞིང་། དེར་ལས་ཀྱང་ཨོཾ་རིང་པོ་ནི་ཀུན་མཁྱེན་བླ་མས། ཨོཾམ་རིང་དོངས་ཀུན་རང་བཞིན་ཆ་མེད་རྟག་གསུངས་པ་ལྟར་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩི་གཤིས། ཡིག་མགོ་སོགས་ན་ཨོཾ་རིང་པོ་འདི་རྟག་ཏུ་ཡོང་། ཨོཾམ་རིང་གི་གཟུགས་འདི་རྒྱ་ཡིག་ལ་འདི་ཡིན་ཞིང་། དཔེ་རྙིང་འགའ་ལ་ཡིག་མགོའི་ཏིང་ཀྱོག་ཀྱང་། འདི་ལྟར་བྲིས་པ་མཐོང་བས་ཨོམ་ཡིག་གི་གཟུགས་འགྱུར་བ་ཡིན་ནོ་ཞེས་གསུངས་ཡོད། འདི་ནི་མཁས་པ་ཆེན་པོའི་གསུང་ཡིན་སྟབས་གང་སུ་ཞིག་གིས་ཀྱང་རྒོལ་ལན་ཙམ་ཡང་ལྟ་ཅི། ལམ་སེང་རྣ་བར་ཁྲོག་སེར་སོང་ནས་དེ་དེ་བཞིན་ནོ་ཞེས་ལྷུག་ལྷུག་དུ་ཁས་ལེན་སྲིད་ནའང་། བོད་རང་སའི་ཡུལ་ནས་ཐོན་པའི་དབུ་ཁྱུང་ཡང་རྒྱ་གར་བྲམ་ཟེ་བས་ཨོམ་རིང་འགངས་ཆེན་དུ་བརྩི་བ་ལྟར་བྱ་རྒྱལ་ཁྱུང་ཆེན་གལ་ཆེན་རྩིས་ཆེན་དུ་བྱེད་པ་དེའི་དབྱིབས་ཡིན་ལ། དེའི་གཟུགས་རིས་ཡི་གེ་ཡི་མགོ་རྒྱན་དུ་བྲིས་པའི་ཚུལ་ནི་ཀན་སུའུ་ནས་ནན་ཁྲང་སོགས་སུ་རྙེད་པའི་བོན་གྱི་ཡིག་རྙིང་དེ་དག་གི་དབུ་ལ་བཀོད་པའི་དབུ་ཁྱུང་གི་གཟིགས་ལ་དཔྱད་ན་ལམ་སེང་ཧ་གོ་བར་འགྱུར་བ་ཡིན། གཞན་ཡང་འགའ་ཞིག་གིས་དབུ་ཁྱུང་མི་མགོའི་གཟུགས་རིས་ལས་མཆེད་པ་ཡིན་ཡང་ཟེར་ཏེ།  དེ་ལའང་རྣ་བ་ཅུང་ཟད་གཡར་དགོས་སོ།། ཅིའི་ཕྱིར་ཞེ་ན་མིའི་བྱ་ལས་ཡོད་ཚད་མགོ་ལ་བརྟེན་ནས་བྱེད་དགོས་པ་ལྟར་ཡི་གེ་ཡོད་ཚད་ཀྱང་མགོ་རྒྱན་དབུ་ཁྱུང་གི་རྗེས་སུ་འབྲངས་ནས་བྱ་བ་བྱེད་པ་ཡིན་ལ། དབུ་གལ་ཆེན་དུ་བརྩི་ཚུལ་ནི་སྔོན་རྒྱལ་པོ་རྣམས་ཀྱི་དབུ་ལ་ཁྱུང་རུ་དང་ལ་ཐོད་དཀྲིས་ནས་གསེབ་ལ་སྤྱན་རས་གཟིགས་ཀྱི་སྐུ་བསྲེལ་སྟངས་ལ་དཔྱད་པས་ཤེས་ནུས་སོ།། དབུ་ཁྱུང་དང་འབྲེལ་བའི་ཨོཾ་དང་ཨོམ་རིང་གི་སྐོར་ལ་འབྲུག་པའི་ཆོས་འབྱུང་ན་རྒྱ་གར་སྐད་ན་མེད་ཚུལ་མི་བདེན་པར་སྒྲུབ་པ་དང་དངུལ་ཆུ་དྷརྨ་བྷ་དྲས་ཨོམ་རིང་བོན་དང་རྙིང་མའི་ལུགས་ཡིན་ཚུལ་སོགས་ལ་དཔྱད་གཞི་རྒྱ་ཆེ་ནའང་འདིར་ཞིབ་པར་བྲིས་ན་བརྗོད་བྱའི་དཀྱུས་སྒྲིབ་པར་མཐོང་ནས་བཞག་པ་ཡིན།

      དེ་ནས་ཤད་ཀྱི་སྐོར་ཡང་ཅུང་ཟད་བཤད་དེ། དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ཁམས་པའི་དགེ་བཤེས་ལྡེའུ་ཡིས་ཤད་ཀྱིས་བར་བཅད་ཚག་གིས་སྨྲ་བར་བྱེད་ཅེས་གསུངས་པ་ལྟར་དུ། ཤད་ནི་ཡི་གེ་རྣམས་ཀྱི་བར་བཅད་པ་ལ་གོ་ཕྱེ་སྟེ་མ་འདྲེས་པར་ལུང་སྟོན་ཅིང་ཡི་གེའི་བརྗོད་པ་སོགས་རྔ་མར་བུད་ནས་རྫོགས་ཚར་བ་གོ་བར་བྱེད་པའི་རྐྱེན་གྱི་རིགས་ཅན་ཞིག་ཡིན། དེས་ནས་ཤད་ཀྱི་ཐོག་མའི་རྣམ་པ་གང་ནས་ཡོང་བར་འདོད་ན། བོད་ཀྱི་གཡག་དང་བ་གླང་སོགས་གནག་ཕྱུགས་ཀྱི་གཟུགས་རིས་ལས་འོང་བ་ཞིག་སྟེ། ཏུན་ཧོང་ཡིག་རྙིང་གི་འཕྲོ་མཐུད་ལས་བ་ཤད་བཞི་ཞེས་ཤད་ནི་བ་གླང་ལ་གོ་ཞིང་སྐབས་ཁ་ཤས་སུ་བ་གླང་གི་གི་རྔ་མར་གོ་བའང་ཡོད། གནའ་ཡིག་རྣམས་ལས་གཡག་གི་རྔ་མར་ཤད་ཤད་ཟེར་ཞིང་དོན་ནི་ཐུར་དུ་འཕྱང་ཞིང་མགོ་ཡིས་ཟླས་དྲངས་བའི་རྔ་མ་མཚོན་བྱེད་ཀྱི་སྤུ་ཤད་པོ་དེ་ལ་གོ་བ་ཡིན། དེས་ན་གཡག་གི་ཤད་ཤད་དེ་ནི་གཡག་གཅིག་རྫོགས་པའི་གོ་དོན་མཚོན་བྱེད་ཉིད་དེ་དོན་ལའང་རྔ་མ་ཞེས་འདོགས་པར་བྱེད་དོ།། གུས་པའི་ཡང་མེས་དམ་པ་ཁམས་པའི་སྔགས་པ་མིག་ཁྲ་དང་སོ་ནག་བོན་པོ་གཉིས་ཀྱིས་ཕན་ཚུན་དམོད་པ་འདོར་དུས་ཤད་ཤད་བ་གླང་གི་རྔ་མ་ཞེས་དམོད་ཡིག་ཅིག་འབྱུང་གི་ཡོད། དེས་ཀྱང་བ་གླང་སོགས་གནག་ཕྱུགས་སྤྱིའི་རིགས་ཀྱི་རྔ་མར་གནའ་མི་རྣམས་ཀྱིས་ཤད་ཤད་ཅེས་བརྡ་སྦྱོར་བའི་དོན་བདེ་ལེགས་ཉིད་དུ་གོ་ཐུབ་པ་ཡིན། མདོར་ན་བོད་ཀྱི་རྐྱེན་ཡིག་གཉིས་ཀྱི་ཡ་གྱལ་ཤད་བྱ་བ་འདིའང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་གཡག་དང་ནོག་དང་ལྐོག་ཤད་ཀྱི་བདག་ཉིད་དུ་གྱུར་བ་བ་གླང་གི་སོགས་ལས་བྱུང་བར་སྒྲུབ་ཐུབ་པའོ།། འདི་ལའང་ཞིབ་པར་དཔྱད་བྱ་མང་ཡང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ།།

               ――འདི་ཡང་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཕྱི་ལོ༢༠༡༥ལོའི་ཟླ༣ཚེས༡༩ལ་མང་ཡུལ་གུང་ཐང་གི་བཙན་པོའི་མི་རྒྱུད་ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་བོའི་ཉེ་འདབས་སུ་སྔར་བྲིས་པ་རྣམས་ལ་ཁ་སྣོན་ཅུང་ཟད་དང་བཅས་རྫོགས་པར་བྲིས་པ་དགེའོ།།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s