__ཁ་གྱའི་པདྨ་མཚོ། (ལན་གྲུ།)

    རྣམ་ཤེས་སྦྲང་མ་འདྲ་བོ་གནས་ངེས་མེད་དུ་འཁྱམ་འཁྱམ་མཐར། འུ་ཅག་ཚང་མའི་རོ་དང་འདྲ་བའི་ལུས་པོ་འདི་ལ་གསེར་ལས་དཀོན་པའི་རྣམ་ཤེས་ཞུགས་པས། ང་དང་ཁྱོད་ཅེས་པའི་བདག་ཉིད་ཅན་སོ་སོ་སྔོན་བསགས་ཀྱི་ལས་དབང་བཟང་བོས་མི་ལུས་རིན་ཆེན་རེ་རེར་བླངས་པ་དང་། ལྷག་པར་དུ་ཚེ་དང་བསོད་ནམས་ཀྱི་ལས་དཀར་བོས་བོད་ཡུལ་དག་པའི་ཞིང་ནས་བྱམས་དང་སྙིང་རྗེས་ཕྱུག་པའི་ཁྱིམ་གཞི་ཞིག་ནས་མི་ཚེའི་དབྱངས་རྟ་ཐོག་མ་མི་ཡུལ་ལ་བསྒྲགས་པ་ནས་བཟུང་། ངའི་ཕུགས་བསམ་གྱི་ས་བོན་གངས་རིའི་ལྗོངས་ལ་བཏབ་པ་ཡིན།

     བྱམས་ལྡན་གྱི་མ་ལོའི་ནུ་ཆུ་མངར་མོ་འཐུང་ཞོར་དུ། དྲིན་ཕ་ལོའི་མིག་ཟུང་གི་ལྟ་སྐྱོང་བཟང་བོའི་འོག་ནས། ངའི་བྱིས་དུས་ཀྱི་ཕུགས་བསམ་དག་མ་དེ་འབའ་འབའ་ལུ་གུ་འཚོ་ཞོར་ཐེ་གེའུ་སྒོ་ཟོག་སྒྲིག་པའི་འཚོ་བའི་ཁྲོད་ཀྱི་ལང་ཚོའི་མེ་ཏོག་ལ་སྦྱར།

      ཀ་ཁའི་དབྱངས་རྟ་གྱེར་བཞིན་ཀུན་སྤྱོད་སློབ་གླིང་འགྲིམ་དུས་ན། ངའི་ཕུགས་བསམ་གྱི་མྱུ་གུ་ཤེས་རིག་གི་སྐྱེས་ཚལ་ནས་འབུས་འགོ་ཚུགས་པས། བདག་གཞི་མགྲོན་གཉིས་ཀས་ཁ་ཞེ་གཉིས་མེད་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་པ་ཡིན།

      ཉི་ཟླ་རེས་ཀྱིས་འཁོར་ཞིང་། མི་ལོ་ཁད་གྱིས་འདས་ཤུལ་ན། ངའི་ཕུགས་བསམ་གྱི་ཞིང་སར་འདྲ་མིན་གྱི་རྩྭ་ལྡུམ་མང་བོས་ཁེངས་འདུག་པ་ལས། ངའི་ཕུགས་བསམ་གྱི་མྱུ་གུ་ནི་སྐམ་ལ་ཉེ་བས། ངས་གར་འགྲོ་ཡི་ཕྱོགས་མི་རྙེད་ལ། ང་ལ་གང་འདུག་གི་གནས་མི་གསལ་བས། ངའི་མི་ཚེའི་དབྱངས་རྟ་སྙན་མོ་དེ་སུ་ཞིག་གིས་ཐོས་དགོས།

    བསམ་གྱིན་བསམ་གྱིན། སྔར་མེད་ཀྱི་འཇིགས་སྣང་ཞིག་ངའི་ལུས་ཧྲིལ་བོར་ཁྱབ་པས། དབུགས་ཀྱི་རྒྱུ་བའང་འགག་ལ་ཉེ་བའི་སྐབས་དེར། སྐྱེས་པའི་མཐའ་མར་འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་མོད། མི་ཚེའི་དབྱངས་རྟ་ལ་བཅོལ་བའི་ཕུགས་བསམ་གསོན་པོ་དེ་ནམ་ཞིག་ང་དང་ལྷན་དུ་ཤི་ན་འགྱོད་པ་ལ་ཨང་སྙམ་ནས་མིག་ཆུའི་ཐིགས་པ་འགའ་དབང་མེད་དུ་འཐོར་སོང་།

     རེད་དེ། འདི་ནི་ང་ཁོ་ན་ཅི་ལ་ཡིན། ད་རུང་ཁྱོད་དང་ཁོ། ཁོ་མོ། མདོར་ན་འུ་ཅག་ཚང་མ་ཡིན་པས། སྤྱི་ཚོགས་དང་ཁོར་ཡུག་གང་འདྲ་ཞིག་ཡིན་ནའང་། མི་ཞིག་ལ་ཕུགས་བསམ་མེད་ན་གསོན་པའང་དོན་མེད་ཡིན་པས། ང་ཚོར་ཕུགས་བསམ་དགོས་པར་མ་ཟད། གསོན་ཤུགས་ཀྱིས་ཀུན་ནས་ཕྱུག་པའི་ཕུགས་བསམ་དག་མ་རེ་མཁོ་ལ། ཕུགས་བསམ་དེ་མངོན་འགྱུར་ཡོང་ཆེད་དུ། ང་ཚོས་ཅི་ནས་ཀྱང་དཀའ་སྤྱད་སྡུག་རུས་བྱས་ཏེ། མི་ཚེ་འདིའི་དབྱངས་རྟ་སྙན་མོ་ལ་རྗེས་རབས་པར་ཡང་དང་བསྐྱར་དུ་ཉན་འདོད་པ་ཞིག་ཏུ་ཡོང་ཅི་ཐུབ་བྱ་དགོས་སོ།།

༢༠༡༥ལོའི་ཟླ༩པའི་ཚེས༡༥ཉིན།

ངེད་དྲ་ཚིགས།  

དཔྱད་མཆན་སྤེལ།

%d