དམག་ཁུལ་གྱི་དྲྭ་ཇག་བཟུང་འདུག

འབྲོག་མྱི།

       ཨ་རི་གཞུང་གིས་ཡོངས་ཁྱང་ངང་ཨ་རི་གཞུང་དང་ཁེ་ལས་ཀྱི་གློག་ཀླད་ལ་འཇབ་རྒོལ་བྱས་ནས་ཡིག་ཆ་རྐུ་ཁྱེར་བྱེད་མཁན་གྱི་ཡོལ་བའི་རྒྱབ་ཀྱི་གཏེ་བོ་ལག་ནག་དེ་རྒྱ་ནག་གཞུང་ཡིན་པར་ངོས་འཛིན་བྱེད་འདོད་མེད། ཡིན་ན་ཡང་། ཨ་རིའི་དྲྭ་རྒྱ་བདེ་འཇགས་ཞིབ་འཇུག་ཚོགས་པ་ཞིག་གིས་ཧུར་ཐག་འབད་ཐག་གིས་བྱ་སྒོ་སྤེལ་གྱིན་པའི་དྲྭ་ཇག་ཤོག་ཁག་ཅིག་མི་དམངས་བཅིངས་འགྲོལ་དམག་དང་འབྲེལ་བ་ཡོད་པ་ཤེས་ཡོད། བཅིངས་འགྲིལ་དམག་དང་དྲྭ་ཇག་གི་འབྲེལ་བ་དེའི་དོ་སྣང་བྱེད་རིན་མེད་པའི་ཞིབ་ཕྲ་ཆུང་ངུ་ཞིག་ལས་མི་རྣམ་གྱིས་རྒྱ་ནག་གཞུང་གི་རྒྱལ་ཁབ་ཀྱི་དྲྭ་རྒྱ་གསང་མྱུལ་མ་ལག་གི་བཏང་འཛིན་བྱེད་ཐབས་ཀྱི་ངོ་བོ་གསལ་བོར་མཐོང་ཐུབ།

        ཨ་རིའི་དྲྭ་རྒྱ་བདེ་འཇགས་ལས་ཁུངས་ (ThreatConnet) དང་རྒྱལ་སྲུང་བློ་འདྲི་སའི་ལས་ཁུངས (Defense Group Inc.) མཉམ་འབྲེལ་ངང་ཞིབ་འཇུག་བྱས་པའི་སྙན་ཐོ (Camerashy) ཞེས་པའི་ནང་དུ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་བདག་དབང་ཐད་དྲག་པོའི་ལྟ་བ་བཟུང་བ་དེས་ལྷོ་ཨེ་ཞི་ཡས་གཙོས་དེ་ལས་ཆེ་བའི་ས་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད་བདེ་ འཇགས་ལ་འཇིགས་སྐུལ་ཐེབས་ཡོད་པ་དང་། རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཧུར་བརྩོན་ཆེ་བའི་བྱ་འགུལ་དང་འགྲོས་མཉམ་དུ། ལྷོ་ཤར་ཨེ་ཞི་ཡའི་རྒྱལ་ཁབ་དག་གི་དམག་དོན་དང་། ཕྱི་འབྲེལ། དཔལ་འབྱོར་སོགས་དམིགས་འབེན་དུ་བཟུང་བའི་ཚད་མཐོ་ཞིང་ཤེད་ཆེ་བའི་དྲྭ་རྒྱ་གསང་མྱུལ་དང་། ནད་དུག་གི་འཇབ་རྒོལ། ཞེ་ནག་གློག་འཕྲིན། དྲྭ་རྒྱ “ཉ་འཛིན་ལྕགས་ཀྱུ”སོགས་དྲྭ་ཇག་གི་བྱེད་སྒོའི་རིགས་སྤེལ་གྱིན་པ་བཀོད་འདུག

       གོང་ཞུས་སྙན་ཐོ་དེའི་ནང་། ཞིབ་འཇུག་མི་སྣས་གསང་བའི་གནས་ཚུལ་འབོར་ཆེན་གཞིར་བཟུང་ནས་ཞིབ་འཇུག་བྱས་མཐར། མིང་ལ Naikon ཟེར་བའི་ཚད་མཐོ་བའི་རྨང་གཞིའི་སྒྲིག་ཆས་དམིགས་འབེན་དུ་བཟུང་བའི་བསྟུན་མར་ གསང་མྱུལ་འཇབ་རྒོལ་གྱི་བྱེད་སྒོ་སྤེལ་མཁན་གྱི་མགོ་ཁུངས་དེ་ཤེས་ཡོད་པ་རེད། དེ་ནི་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་ཁཱོན་མེད་ན་ཡོད་པའི་བཅིངས་འགྲོལ་དམག་གི་དམག་ དོན་མྱུལ་ཞིབ་ལྟེ་གནས ༧༨༠༢༠ དམག་ཁུལ་རེད། ཡང་དག་པར་བཤད་ན། དམག་དོན་ལྟེ་གནས་དེའི་ནང་གི་མིང་ལ་ཀེ་ཞིན་ཟེར་བའི་དམག་དཔོན་ཞིག་དང་ཁོང་གི་ དྲྭ་རྒྱའི་བྱ་འགུལ་རེད། དེ་ལས་གསལ་བ་ནི་རྒྱ་ནག་དམག་ཕྱོགས་དང་རྒྱ་སྐད་བཤད་པའི་དྲྭ་ཇག་སྐོར་ཞིག་གིས་ རྒྱ་ནག་གི་རྒྱ་ནག་ཕྱི་རོལ་གྱི་ཁེ་ཕན་རྒྱ་སྐྱེད་ལ་ནུས་པ་འདོན་གྱིན་པ་དེ་རེད། ཅེས་བཀོད་འདུག

          ཡང་ཞིབ་འཇུག་མི་སྣས་རྒྱ་ནག་གི་དམག་དཔོན་ཀེ་ཞིན་གྱིས་གཙོ་སྐྱོང་བྱས་པའི་ མིང་ལ “GreenSky ༢༧ ” ཟེར་བ་ནི་ལྷོ་ཤར་ཨེ་ཞི་ཡའི་རྒྱ་ཁབ་ཁག་ལ་དྲྭ་རྒྱ “ཉ་འཛིན་ལྕགས་ཀྱུ” ཡི་བྱ་འགུལ་སྤེལ་སའི་དྲྭ་མིང་གཙོ་བོ་དེ་ཡིན་པ་ཤེས་ཡོད་ལ། ཞིབ་འཇུག་མི་སྣས་ད་དུང་ཡང་ཀེ་ཞིན་གྱི་དྲྭ་རྒྱའི་བྱེད་སྒོ་དང་ “GreenSky ༢༧ ”ཞེས་པའི་དྲྭ་བདག་བར་འབྲེལ་བ་ཡོད་པ་ཤེས་ཡོད་ལ། དཔེར་ན། དྲྭ་མིང་དེ་ཉིན་རེའི་སྔོ་དྲོའི་ཆུ་ཚོད ༩ ནས་ཕྱི་དྲོའི་ཆུ་ཚོད ༦པའི་བར་ཧ་ཅང་ཧུར་པོ་ཡིན་པ་དང་། ཉིན་གུང་གི་དུས་ཡུན་གང་ཙམ་ཞིག་ལ་ངལ་གསོ་བྱེད་པ། ངལ་གསོའི་དུས་ཆེན་དང་ལྗོངས་རྒྱུའི་དུས་ཚུགས་སུ་བྱ་འགུལ་ཉུང་ཉུང་ལས་མེད་པ་ བཅས་རེད།

          ཨ་རིའི་སྨྱན་བྱད་གྲགས་ཅན༼ བོལ་སྲང་ལམ་ཉིན་རེའི་ཚགས་པར༽གྱི་དེ་སྔ་ཀེ་ཞིན་ཟེར་བར་འབྲེལ་བ་བྱས་ཏེ། ཀེ་ཞིན་གྱིས༼བོལ་སྲང་ལམ་ཉིན་རེའི་ཚགས་པར༽ཁང་ལ་སྤྱི་ཚོགས་འབྲེལ་འདྲིས་སྨྱན་ བྱད་སྟེང “GreenSky ༢༧ ”ཟེར་བ་དེ་ཁོང་ཡིན་པ་ངོས་ལེན་བྱས་ཡོད། ཡིན་ན་ཡང་། ཁོང་ནི་ཞིབ་འཇུག་སྡེ་ཚན་ཞིག་གི་ཞིབ་འཇུག་བྱེད་ཡུལ་དུ་གྱུར་ཡོད་ཚུལ་ཁོང་ལ་བཤད་རྗེས། ཀེ་ཞིན་གྱིས “གལ་ཏེ་སྙན་ཐོ་ཕྱིར་ཐོན་ཚེ། ངས་ཉེན་རྟོག་པར་གཏུག་རྒྱུ་ཡིན” ཞེས་བརྗོད་འདུག  ཨ་རིའི་དྲྭ་རྒྱ་བདེ་འཇགས་ལསཁུངས (ThreatConnet) ཞེས་པས། Greensky27Naikon ཟེར་བའི་དྲྭ་མིང་དེ་གོང་ཞུས་དམག་དཔོན་ཀེ་ཞིན་དང་ཁ་པར་གྱི་འབྲེལ་བ་མཇུག་རྫོགས་ནས་ཆུ་ཚོད་གཅིག་ཡས་མས་ནས་བྱ་འགུལ་མཚམས་བཞག་ཡོད་པ་དང་། དེའི་རྗེས་སུ་དྲྭ་མིང་དེ་སྐུད་ལམ་ན་མེད་པའི་རྣམ་པས་གནས་ཡོད་པ་རེད་ཟེར།

              ཨ་རིའི་རྒྱལ་སྲུང་བློ་འདྲི་སའི་ལས་ཁུངས (Defense Group Inc.)ཀྱི་གསང་གནས་ཞིབ་འཇུག་དབྱེ་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ James Mulvenon ལགས་ཀྱིས། རྒྱ་ནག་ནས་ཡོང་བའི་དྲྭ་རྒྱའི་བཙན་འཛུལ་རིགས་ཧ་ཅང་གིས་གཞི་རིམ་དང་། འོག་ནས་གོང་གི་རྣམ་པ་ཅན་ཤར་སྟག་རེད། ཁོང་ཚོའི་ཤོག་ཁག་མང་པོ་ཞིག་ལ་སྐུལ་འདེད་ཐོབ་ནས་མག་མོག་གི་སྒྲིག་སྲོལ་ཁྲོད་རང་འགུལ་ངང་བརྒྱུད་ལམ་སྣ་མང་བཙལ་ནས་གནས་ཚུལ་འབོར་ཆེན་ཐོབ་ཐབས་བྱས་དང་བྱེད་ཀྱིན་ཡོད་ཟེར།
༧༨༠༢༠ དམག་ཁུལ་ཟེར་བ་དེ་བཅིངས་འགྲོལ་དམག་གི་ཁྲིན་ཏོའུ་དམག་ཁུལ་ལ་གཏོགས་ཤིང་། ཁྲོན་ཏོའུ་དམག་ཁུལ་གྱི་འགན་ཁུར་གཙོ་ཞིག་ནི་བོད་ལྗོངས་ཀྱི་བདེ་འཇགས་སྲུང་ སྐྱོབ་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག རྒྱ་ནག་དང་ཝེ་ཐི་ནམ། འབར་མ། རྒྱ་གར་སོགས་ཀྱི་མཐའ་མཚམས་བདེ་འཇགས་ལའང་འགན་ཁུར་ཡོད། ཨ་རིའི་རིག་མཛོད ༢༠༤༩ རྣམ་གྲངས་ཞིབ་འཇུག་ལག་བསྟར་འགན་འཛིན Mark Stokes ལགས་ཀྱིས་བརྗོད་ན། ཁྲིན་ཏོའུ་དམག་ཁུལ་གྱི་ལས་ཁུངས་གཞན་ཞིག་གིས་དམིགས་བསལ་ངང་བཙན་བྱོལ་བོད་གཞུང་དང་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མའི་གློག་ཀླད་དང་དྲྭ་རྒྱར་གསང་མྱུལ་དང་ཡིག་ཆ་རྐུ་ཁྱེར་གྱི་འགན་ཁུར་ཡོད་པ་དང་། ཁྲིན་ཏོའུ་དམག་ཁུལ་ལ་མཐའ་མཚམས་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཡོད་སྟབས། དེ་ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་གསང་གནས་ལེན་ཐབས་བྱེད་ཀྱིན་པའི་ལས་དེ་གནས་ལུགས་དང་འགལ་མེད།

                ཨ་རིའི་དྲྭ་རྒྱ་བདེ་འཇགས་ལས་ཁུངས(ThreatConnet)ཀྱི་སྙན་ཐོ་འདིའི་སྔོན་ དུ། ཨ་རིའི་དྲྭ་རྒྱ་བདེ་འཇགས་ལས་ཁུངས  Mandiant གྱི་ཕྱི་ལོ ༢༠༡༣ ལོར་བཏོན་པའི་སྙན་ཐོའི་ནང་། བཅིངས་འགྲོལ་གྱི་གྲོང་ཁྱེར་ཧྲང་ཧེ་ན་ཡོད པའི ༦༡༣༩༨ དམག་ཁུལ་དེ་འཛམ་གླིང་ཧྲིལ་བོའི་དྲྭ་རྒྱའི་དྲྭ་ཇག་གི་ལས་འགུལ་དང་འབྲེལ་བ་ ཡོད་ཚུལ་བཀོད་ཡོད།
ཨ་རིའི་མི་དོན་དོ་དམ་ལྷན་ཁང་གིས་ཕྱི་ཚེས ༢༤ཉིན་ད་གཟོད་དྲྭ་ཇག་གིས་ཨ་རིའི་གཞུང་ཞབས་པ་ས་ཡ་ལྔ་དང་འབུམ་དྲུག་གི་མཛུབ་རིས་རྐུ་ཁྱེར་བྱས་ལུགས་ཕྱི་རུ་བསྒྲགས་ཡོད། ཞིབ་འཇུག་པས་གསར་འགོད་པར། རྒྱ་ནག་གཞུང་གིས་ཐེངས་འདིའི་དྲྭ་རྒྱའི་བཙན་འཛུལ་ལ་འགན་ཁུར་དགོས་ཟེར། འོན་ཀྱང་། ཨ་རི་གཞུང་གིས་ད་དུང་ཡང་ཡོངས་ཁྱབ་ངང་རྒྱ་ནག་ལ་སྐྱོན་འཛུགས་བྱས་མེད།

          དྲྭ་རྒྱའི་བདེ་འཇགས་ནི་ཨ་རི་དང་རྒྱ་ནག་གི་གྲོས་གཞི་ཆེ་ཤོས་དེ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཉི་འགའི་སྔོན་དུ་ཨ་རིར་རྒྱལ་དོན་གཟིགས་སྐོར་དུ་ཕེབས་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་མཇལ་མོལ་སྐབས། དྲྭ་རྒྱའི་བདེ་འཇགས་སྐོར་ནན་གྱིས་གྲོས་བསྡུར་བྱས་ཡོད་ཀྱང་ཡར་རྒྱས་ཀྱི་རྣམ་པ་ཙམ་ལས་དོ་དོམ་པའི་འབྲས་བུ་ཞིག་ཐོན་མེད།
རྒྱ་ནག་གཞུང་གིས་དྲྭ་རྒྱ་གསང་མྱུལ་གྱི་བྱེད་སྒོ་སྤེལ་མྱོང་མེད་ལུགས་བཤད་ཀྱིན་པ་མ་ཟད། རྒྱ་ནག་གཞུང་ཡང་དྲྭ་རྒྱའི་དྲྭ་ཇག་འཇབ་རྒོལ་གྱི་གནོད་འཚེ་ཕོག་མཁན་ཡིན་ལུགས་ནམ་རྒྱུན་བཤད་བསྡད་ཡོད།

             ཕྱི་ཟླ ༩ ཚེས ༥ ཉིན། ཨོ་བྷ་མ་དང་ཞི་ཅིན་ཕེང་དབུ་ཁྲིད་རྣམ་པ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཀྱི་རྗེས་སུ་སྤེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ཞི་ཅིན་ཕེང་གིས་ཚོང་གཉེར་ཁེ་ལས་དང་གཞུང་གི་གསང་བའི་ཡིག་ཆ་རྐུ་ཁྱེར་རིགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ལས་ཡིན་སྟབས། རྒྱ་གཞུང་གིས་དྲྭ་རྒྱ་བརྒྱུད་གཞུང་དང་ཚོང་གཉེར་ཁེ་ལས་གྱི་གསང་བའི་ཡིག་ཆའི་རིགས་རྐུ་ཁྱེར་གྱི་ལས་ལ་རྣམ་པ་གང་རུང་གིས་ནང་ཞུགས་དང་། སྐུལ་འདེད། རྒྱབ་སྐྱོར་སོགས་བྱེད་མི་སྲིད་ཅེས་བསྒྲགས་ཡོད་པ་རེད།

ངེད་དྲ་ཚིགས། 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s