མིག་གསུམ་པ།

སྟོན་ཁ་ལོ་མ་སེར་པོ་རླུང་གིས་ཁུར་བ་ལྟར།།

ཁྱེད་ནི་འདི་རུ་བྲལ་ནས་མི་ལོ་བཅུ་གཉིས་འདས།།
དེ་རིང་མཚོ་ལྷོའི་ཕྱོགས་ཀྱི་ཇ་ཁང་ཆུང་ཆུང་དེར།།
ཁྱེད་ཉིད་གླེང་སྟེ་དྲན་པའི་ཡུལ་དུ་ཝ་ལེར་བྱོན།།

ཕྱི་ཡི་ནམ་ཟླ་འཁྲུགས་ཤིང་བར་སྣང་ཅུང་ཟད་རུབ།།
ག་ལེར་བསམ་ན་སྟོན་ཟླ་བརྒྱད་པའི་གདུང་བ་ལྕི།།
དེ་ལ་བརྟགས་ན་རྩྭ་དང་རྩི་ཤིང་ཐམས་ཅད་ཀྱིས།།
ཁྱེད་ལ་རྗེས་དྲན་བྱས་པའི་ཆ་བྱད་དེ་འདྲ་བ།།

ང་ནི་ངེས་མེད་ལྡོམ་སྟེ་ལོ་མང་ཟད་པའི་མཐར།།
ཅི་ཡང་མ་འགྲུབ་ལུས་པའི་ཁ་དོག་ལྷག་མ་ཞིག།
སུ་ཡི་མིག་ལ་མ་མཛེས་ཕར་ལ་སྡང་བ་མེད།།
འཇིག་རྟེན་འདི་ནི་ཐོབ་བྱ་མེད་པའི་ལན་ཆག་ཅིག།

ལོ་ཟླ་ཆུ་མོ་བཞིན་དུ་ཕར་ནས་ཕར་ལ་བཞུར།།
ང་ཡང་ན་ཚོད་རྒས་པ་དུས་ཡུན་ཐུང་ཐུང་ཞིག།
རི་དང་ལུང་བའི་མདོ་ནས་སྤྲིན་པ་རི་འཁྱུད་བལྟས།།
ཁྱེད་ནི་གང་དུ་ཡོད་ཅེས་ཆིག་ལབ་ཡང་ཡང་ཐལ།།

ཁ་ཅིག་འདོད་ཡོན་རྒྱལ་མོར་འཁྱུད་ཅིང་འོ་ཡང་བྱས།།
ཁ་ཅིག་རྣམ་རྟོག་ཚོན་གྱི་རི་མོ་འབྲི་ལ་ངལ།།
བྱུང་དང་འབྱུང་བའི་ལོ་རྒྱུས་དེབ་ཐེར་འགོད་མཁས་པ།།
སྐར་མའི་གྲངས་ལྟར་འབྱུང་བ་མིག་ཟུང་རིག་རིག་བྱས།།

དེ་རིང་རེས་གཟའ་ལྷག་པའི་མཚན་གྱི་ཟླ་བ་ཡིས།།
སྐྱོ་བ་ཁུར་ཏེ་རི་བོའི་སྟེང་དུ་འཕགས་པར་རྩམ།།
ཁྱོད་རང་མེད་པས་ཟླ་བ་འདི་ཡང་འཛུམ་པ་ཆུང་།།
གཞན་དག་ལྟ་ཅི་སྨྱུག་རྩེ་འདི་རུའང་མཆི་མ་ལྷུང་།།

 

༢༠༡༥། ༠༩ །༣༠
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading