སྨྱུག་མདའ།
དྲ་མིང་ལ་སྨྱུག་མདའ།
དངོས་མིང་ལ་སྐལ་བཟང་རྒྱ་མཚོ།
༡༩༨༤ ལོ་བོད་མདོ་སྨད་གཙང་གཡུ་རྔོག་ཅེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས། ༢༠༡༠ ལོ་ནས་བཟུང་སྙུག་ཁ་འཁྱར་འཁྱོར་གྱིས་བཅད་མ་གཙོས་རྩོམ་རིག་འབྲི་བའི་ལས་སུ་ཞུགས། བོད་ཕྱི་ནང་གཉིས་ཀྱི་དྲ་ངོས་མང་དག་ཅིག་ལ་ཟིན་བྲིས་གཉེར་ཞིང་བཅད་མ་གཙོས་རྩོམ་ལུས་ཅི་རིགས་ཀྱི་སྒང་ནས་རྩོམ་རེ་འགའ་སྤེལ།
གྱང་ཁའི་མྱི།
འཚོ་བ་དེད་པའི་ཁ་ཕྱོགས་ཤིག་རེད
ལྕགས་ཐག་གི་མདུད་པ་ཞིག་འཕྲོ
ཆར་བ་དེ་ལན་པ་མིན་ན
འདམ་མྱགས་དེ་ལན་པ་མིན་ན
ཡ་གིའི་རྩི་ཤིང་ལྕིག་ལྕིག་ཏུ་འགུལ་བཞིན་འདུག
ཁ་སང་གི་ཕོ་མོ་སྣ་ཚོགས
སྐད་ཅིག་མའི་ངང་ཚུལ་དེ་ཅི་འདྲ་ཞིག
པགས་པ་བཤུ་བའི་ཚ་རིམ་དེའི་ནང
དྲ་མའི་ངོས་ལ་འདོད་ཆགས་ལྷོད་ཀྱིས་བྱོ་འམ
སྒྲོལ་མ་ཟེར་བ་སྒྱུ་ལུས་ཀྱི་རྣམ་པ་ཙམ་རེད་བཞག
མཐོ་ས་ནས་དམའ་ས་བར་དུ་ལྟ་དུས
ལྷགས་རླུང་གི་ཁུད་ནས་གང་སར་གཡོ་བཞིན
ལན་རེ་ང་འང་ལྷགས་རླུང་གིས་གཡུག་འགྲོ
དེ་ནི ཡ་གིའི་རྩི་ཤིང་གིས་ཐུ་བ་སྤྲུག་སྤྲུག
སྐྱི་པགས་མཐུག་ས་ནས་ཐུ་བ་སྤྲུག་སྤྲུག་བྱེད་སྟངས་ཤིག
རྨི་ལམ་ན་བཟི་དྲགས་པས
བར་དོ་ན་འཁྱམས་དྲགས་པས
བྲང་ཤ་སྤྲིད་འགྲོ་བའི་མེ་ཏོག་ར་བ་རུ་སྐྱུར་ཆོག
དེ་ནི ཤི་མེད་པའི་ན་ཟུག་རུམ་གང
ཚིམས་མེད་པའི་ན་ཟུག་རུམ་གང་བོའི་ཆེད་དུའོ
2015/10/4 ཉིན།
རི་བོ་ཀན།
ངྷ་སའི་སྨུག་ནང་གི་གཏམ་རྒྱུད་རེ་རེར
དགོང་ཁའི་དཀར་ངོས་ཀྱི་ནག་ཐིག་ཅིག་གམ
སྦྲང་མས་གཤོག་པ་དྲུད་དེ་བུད་སོང་པ་ཞིག
འགོ་ཁྲིད་ཚོ་མྱོས་བུམ་སྟེང་ལ་འགོས་ནས
སྒྱུ་མའི་འཇིག་རྟེན་སྔས་འོག་ཏུ་མནན་ཏེ
ད་དུང་གོམ་པ་ཞིག་སྤོ་བཞིན་འདུག
ཐག་རིང་ཐག་རིང་ནས་བལྟས་ན
ང་ལ་ཡིད་འོང་གི་རྨི་ལམ་ཞིག་རེད
འོན་ཏེ གཟུགས་དང་ཁ་དོག་མི་འདུག
རྨི་ལམ་དེའང་འཁྲུལ་སྣང་ཞིག་ཡིན་པས་སོ
ངས་རྒྱ་མཚོ་མཐོང་བྱུང
རྒྱ་མཚོའི་གཏིང་སར་འཁྱིལ་བའི”
ནང་བསམ་བློའི་ངོས་ཤིག་མཐོང་བྱུང
རེ་བ་རྒྱ་རུ་བསྐྱེད་ནས་འོངས་དུས་ཤིག་ཡིན
དེ་རིང་སྦུ་རག་གི་དམ་བེ་འགའ་མཐོང་བྱུང
དེ་ནི་གད་སྙིགས་དུ་གྱུར་ལོས་འགྲོ་སྙམ་ན
ངའི་མི་རབས་ཀྱང་བདེ་བོ་འཚམས་པོར”
ནར་སོན་ཨེ་ཡོང་སེམས་ཀྱིན་ཡོད
གལ་སྲིད་དེ་ལྟར་མིན་ཚེ་ང་དགའ་འོ
ངའི་ཕ་རྒན་དེ་ལས་ཀྱང་ལོས་དགའ
ཤ་ཁྲག་གི་རྩ་དོན་གང་དུ་སྤྱུགས་སྲིད་མོད
དངོས་གནས་དངངས་ཀྱིན་གདའ
ཨོ་རེད ཙོང་ཁའི་འཚུབ་མ་ནག་པོས
ཡོད་ཚད་གཉིད་ལ་ཤོར་བའི་སྟོན་གཞུང་དེར
ཤེས་རིག་གི་ར་བ་ཞིག་ལ
རྨི་ལམ་གྱི་གླིང་ཀ་ཞིག་ལ
མི་ཞེས་པའི་སྐད་གཟེང་མཐོ་པོ་ཞིག་སྒྲོག་བཞིན་ཡོད
ཀླད་པ་འགུལ་མི་འདོད་པ་ཚོའང””””
ནག་ཆེམ་ཆེམ་ཤོག་ལྷེ་རེའི་སྟེང་དུ་ཧད
དུས་ཚོད་ལ་ཡོལ་བ་དག་གིས
ཅི་ཡང་མི་མཐོང་གང་ཡང་མ་ཐོས་ཟེར་མོད
ཕྱི་རོལ་ནས་ཅི་ཞིག་ཐོན་འོང་ན
སྨྲ་བརྗོད་འགོག་པའི་ཞབས་བྲོ་འཁྲབ་ཤེས་པས་སོ
༢༠༡༥/༩/༡༩ མཚན་མོར།
ཨ་མའི་མལ་སྟན་སྟེང་ན།
བྱ་བྱེའུ་ལའང་འཚུབ་ཆ་ལངས་འདུག
འབུ་གྲོག་མ་ལའང་འཚུབ་ཆ་ལངས་འདུག
ས་གཞི་དམར་ཐག་ཆོད་འདུག
རྡོག་ལམ་ཕྲ་མོའི་ཀློང་ན་འཁྱགས་ཤུར་ཤུར
རྨི་ལམ་ཞིག མིག་ཆུ་ཞིག
བར་ཐག་རིང་བོ་ག་ཙམ་ཡོད་ན
གློ་བུར་གློ་བུར་དུ་སེམས་པ་བཅུམས་ཡོང
འདོད་ཆགས་བཏུ་ཡོང
རྣམ་རྟོག་ཁད་ཀྱིས་འཐོར་སོང་
བྲག་ཆ་ཇི་བཞིན་འཐོར་སོང
ཁྱད་པར་མི་འདུག
ཁ་དང་རྣ་ལ”ང་ལོབས་ཏེ་ཡོད
ངས་རང་ཉིད་མི་རུ་འཚོ་བ་ཤེས་ཡོད
སྔ་མོ་ནས་མི་ཡིན་པ་ཤེས་ཡོད
སྨུག་ལ་མ་སྲེས
ང་ཡི་རུས་མིང་སོ་ཁར་བླུག་མེད
ང་ཚོའི་དེ་རིང”
ཟླ་མཚན་འབབ་ལ་ཁད་ཀྱི་བུད་མེད་ཅིག་རེད
མིད་པ་བཙིར་མི་དགོས་པར་རང་བཞིན་དུ་བྱོ་ཡོང
འདར་སིག་སིག་ཏུ་བྱོ་ཡོང་གིན་འདུག
རྨ་ཁ་དེའང་ཉིན་ཞག་ག་ཚོད་ནས་གསོ་ཐུབ་བམ
གཅིག་ན རྨ་ཁྲོས་ཆེ་རུ་འགྲོ་སྲིད་པ་ཞིག
༢༠༡༥/༨/༣༡ མཚན་མོར།
ངེད་དྲ་ཚིགས།
མཆན་ཞོག