མགར་བཟའ།
དུད་ཁྱིམ་ལྔ་བཅུ་ཙམ་ལས་མེད་པའི་རུ་གསར་སྡེ་བ་ནི་ལུང་སྐམ་མདོ་རུ་ཆགས་ཡོད། སྡེ་བ་དེའི་སྐྱེས་པ་དག་སྔ་མོ་ལངས་ནས་ཕྱུགས་ཟོག་འཚོ་སྐྱོང་ལ་བྲེལ་ཞིང་། བུད་མེད་དག་གིས་ནང་ལས་ཙག་ཙིག་དང་བྱིས་པ་གཉོར་སྐྱོང་བྱེད་པ་ནི་གནའ་ནས་ད་ལྟའི་བར་རྒྱུན་མ་ཆད་པའི་ལུགས་སྲོལ་ཞིག་ཡིན། སྡེ་བ་འདིར་མིང་ལ་ཚེ་ཆུང་ཟེར་བའི་ཕྱུགས་རྫི་ཞིག་ཡོད་ལ། ཁོང་ལ་ལས་ལ་བརྩོན་ཞིང་སྐྱེས་གཟུགས་མཛེས་པའི་ཆུང་མ་ལྷ་མོ་ཟེར་བ་ཞིག་དང་བུ་ཕྲུག་གཉིས་ཡོད། གཞན་ཁོང་གི་ཕ་མ་གཉིས་བཅས་ཁྱོན་བསྡོམས་ནང་མི་དྲུག་ཡོད།
ལོ་གཅིག་གི་དགུན་ཁར་ཕྱུགས་རྫི་ཚེ་ཆུང་ཚང་གི་རུ་བ་ཡོད་ས་དེར། ཁ་བ་ཆེན་པོ་ཞིག་བབས་ནས་རི་ཐང་ཡོངས་རྫོགས་ཁ་བས་མནན་པས་སྒོ་ཕྱུགས་དག་གིས་རྩྭ་ངོགས་མི་ཟིན་པའི་དཀའ་ངལ་བྱུང་བར་བརྟེན། ཕྱུགས་རྫི་ཚེ་ཆུང་གིས་སྒོ་ཕྱུགས་དེད་ནས་ཁོ་ཚང་དང་ཅུང་རྒྱང་ཐག་རིང་བའི་འདམ་ལུང་ཁོག་ལ་ཟོག་བ་བྱེད་དུ་མི་འགྲོ་ཀ་མེད་བྱུང་། ཕྱུགས་རྫི་ཚེ་ཆུང་གི་ཆུང་མས་ཁོ་ལ་ཟླ་གཅིག་གི་བྲོ་ཁ་དང་ཉལ་ཆས་སོགས་གྲ་སྒྲིག་ལེགས་པོ་བྱས་ནས་ལམ་འཇུག་བྱས་པ་རེད། དེ་ལྟར་ཕྱུགས་རྫི་ཚེ་ཆུང་ཞོགས་པ་སྔ་བོ་ནས་ཕྱུགས་ཟོག་དེད་ནས་འདམ་ལུང་ཁོག་ལ་འབྱོར་དུས་ཕལ་ཆེར་ཕྱི་དྲོའི་ཉི་མ་ཡོལ་ཙམ་ཡིན། ཁོས་མགྱོགས་མྱུར་ངང་ས་ངོས་སྙོམས་པོ་ཞིག་ཏུ་རས་གུར་ཕུབ་སྟེ་ཉལ་ཆས་དག་དེའི་ནང་དུ་བཞག་རྗེས་ཕར་ཕྱོགས་ཀྱི་ཆུ་མིག་ཁར་ཆུ་ལེན་དུ་སོང་། ཕྱུགས་རྫི་ཚེ་ཆུང་གིས་ཆུ་ཁྱེར་ནས་ཕྱིར་ཡོང་དུས་རས་གུར་དང་ཐག་ཉེ་ས་ནས་བུད་མེད་ཅིག་གིས་ཐུ་བའི་ནང་ཨོང་བ་འགའ་འཐུ་བཞིན་དུ་ཚུར་ཡོང་བཞིན་པ་མཐོང་།
ཁོས་ཡ་མཚན་ས་ཡང་རུབ་ལ་ཉེ་བས། འདིར་ཡོང་མཁན་གྱི་བུད་མེད་དེ་སུ་ཡིན་ནམ་སྙམ་སྟེ་ཞིབ་ཏུ་བལྟས། མོ་ནི་ལོ་ན་སུམ་ཅུར་བུད་ཙམ་དང་གདོང་མདོག་སྨུག་ཅིང་མིག་གཉིས་སྒོར་ཞིང་ཁྲ་ལ། གཟུགས་དབྱིབས་ཀྱང་མི་རིང་མི་ཐུང་ཚད་དང་ལྡན་པ་ཞིག་རེད།
སྐྲའི་ཁ་དོག་ནག་ཅིང་འཇམ་ལ་རྒྱབ་ཏུ་པགས་རྩག་ཞིག་གྱོན་ཞིང་ཕར་བལྟས་ཚོད་ཀྱི་བུད་མེད་རྒྱུ་དག་ཅན་ཞིག་ཏུ་མཐོང་བས། ཁོའི་སེམས་སུ་ས་སྟོང་འདིར་བུད་མེད་ཅིག་གང་ནས་སླེབས་པ་ཡིན་ནམ་བསམ་བཞིན་ཡུད་ཙམ་ལ་བསམ་བློ་ཞིག་བཏང་ནས་བསྡད། སྐབས་དེར་བུད་མེད་དེ་གཞི་ནས་ཁོའི་རས་གུར་ནང་འཛུལ་ཡོང་ནས་ ʼʼཨ་རོགས། ང་དོ་ནུབ་འདིར་བསྡད་ན་ཆོག་གམ། ཡུལ་ཐག་ཧ་ཅང་རིང་བས་ཕྱིར་འགྲོ་ཐུབ་མ་སོང་། སང་ཉིན་སྔ་མོ་ལངས་ནས་བུད་འགྲོ། ཁ་བྲོ་ཞག་གཅིག་གི་གནས་ཚང་གཡར་རོགས་ʼʼ ཞེས་ཞུ་བ་འཐེན་བྱུང་བས་ཕྱུགས་རྫི་ཚེ་ཆུང་ཡང་རང་དབང་མེད་པར་བུད་མེད་དེར་ཆགས་སེམས་ཤིག་སྐྱེས་ཤིང་། སེམས་སུ་དོ་ནུབ་མོ་རང་ང་ལ་དབང་བ་རེད་སྙམ་ནས་དགའ་བའི་ངང་མོ་རང་རས་གུར་ནང་དུ་སྣེ་ལེན་བྱས། ནུབ་མོ་དེར་ཁོང་གཉིས་མཉམ་དུ་བསྡད་པ་མ་ཟད། ཕྱོགས་ཡར་མར་གྱི་ཁ་བརྡ་ཡང་མང་ཙམ་བྱས་ཤིང་བུད་མེད་དེས་ཁོ་རང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་མང་དུ་བྱས་སོང་། ཕྱི་ཉིན་ནམ་ལངས་ཀྱང་མོ་རང་གང་དུ་ཡང་མ་སོང་བར་དེ་གར་བསྡད་དེ། ཁོ་ལ་བུད་ཤིང་འཐུ་བ་དང་ཆུ་ལེན་པ། ཇ་སྐོལ་བ་སོགས་འཚོ་བའི་མཐུན་རྐྱེན་ལ་རོགས་རམ་ཅི་ཐུབ་བྱས། མོ་རང་དེར་ཡོང་ནས་ཉིན་ཞག་ལྔ་དྲུག་ཙམ་འགོར་ཡང་གང་ཞིག་ཏུ་འགྲོ་བར་ལབ་གླེང་ཙམ་ཡང་མི་བྱེད་པར་སོས་དལ་བག་ཕེབས་ངང་ཁོ་དང་ལྷན་དུ་བསྡད་པས། རིང་བོ་མ་སོང་བར་ཁོ་རང་ཡང་བུད་མེད་དེ་དང་སེམས་ཐག་ཉེ་རུ་སོང་ནས་མོ་རང་མེད་ན་འདུག་མི་བདེ་བ་ལྟ་བུའི་ཚོར་བ་བྱུང་།
དུས་རྒྱུན་ཁོས་ཕྱུགས་འཚོས་ནས་ཕྱི་དྲོར་རས་གུར་ནང་ཡོང་སྐབས་བུད་མེད་དེ་ཐག་རིང་གི་སར་རྒྱུག་ཡོང་ནས་ཁོ་ལ་བསུ་བ་བྱེད་པ་མ་ཟད། ནང་དུ་སླེབས་ན་ཡང་དགའ་བའི་འཛུམ་གྱིས་ཟ་མ་སྐོལ་བ་སོགས་ཁོ་དང་ཅི་ཕན་གྱི་ལས་འབའ་ཞིག་ལ་བརྩོན་བཞིན་འདུག་པས། རིམ་གྱིས་ཕྱུགས་རྫི་ཚེ་ཆུང་ཡང་བུད་མེད་དེ་དང་བརྩེ་བ་ཆགས། དེ་ལྟར་ཁོ་གཉིས་མཉམ་དུ་བསྡད་ནས་ཉིན་ཞག་ཉི་ཤུ་ཙམ་སོང་ཡང་མོའི་ངོ་གདོང་ལས་མི་དགའ་བའི་རྣམ་འགྱུར་ཙམ་ཡང་ཁོས་མཐོང་མྱོང་མེད། ཉིན་ཞིག་གི་ཞོགས་པར་མོ་རང་ནམ་རྒྱུན་ལྟར་མ་ཡིན་པར་ཅུང་མི་དགའ་བའི་ཉམས་ཀྱིས་ཕར་ཕྱོགས་ཤིག་ནས་ཙོག་པུར་བསྡད་འདུག ཁོས་དོན་དག་ཅི་བྱུང་གི་སྐད་ཆ་དྲིས་ཀྱང་ཕྱིར་ལན་མི་འདེབས་པར་ཅི་ཞིག་ལ་ཁྲོ་བ་ལྟར་ཁ་རོག་གེར་བསྡད་འདུག
ཏག་ཏག་སྐབས་ཐོག་དེར་ཕྱུགས་རྫི་ཚེ་ཆུང་གི་ཆུང་མས་ཁོ་རང་ལ་བྲོ་ཁ་དང་གྱོན་ཆས་འགའ་མཛོ་ཆུང་ཞིག་ལ་བཀལ་ནས་འབྱོར་བྱུང་བ་མཐོང་འཕྲལ། ཕྱུགས་རྫི་ཚེ་ཆུང་ཡང་ཅུང་དོགས་མི་བདེ་བར་གྱུར་བས་ཕར་སོང་ནས་ཆུང་མར་ཁལ་ཕོག་རོགས་བྱས། ཡ་མཚན་པ་ཞིག་ལ་ཕར་ཕྱོགས་ཀྱི་བུད་མེད་དེས་ལུས་གཅེར་བུར་བུད་ཅིང་། སྐྲ་གཟེངས་བར་བྱས་ཤིང་། སོ་གཙིགས་བྱེད་ཀྱིན་སྔར་ལས་ལྷག་པའི་ཁྲོ་ཉམས་སྟོན་གྱིན་པ་ཕྱུགས་རྫི་ཚེ་ཆུང་གིས་དངོས་སུ་མཐོང་བས་ཁོ་རང་ལ་དེ་སྔ་བྱུང་མ་མྱོང་བའི་འཇིགས་སྣང་སྐྱེས་ཤིང་རང་གིས་མིག་གཉིས་ལ་ཡིད་མི་ཆེས་བ་ལྟ་བུར་གྱུར། དེ་ནས་ཕྱུགས་རྫི་ཚེ་ཆུང་གི་སེམས་སུ་ད་ཅི་བྱེད་ངའི་ཆུང་མའང་སྐྲག་མི་ཡོང་ངམ་བསམ་བཞིན་ལྷག་ཏུ་དངངས་འཚུབ་ཅིག་སྐྱེས། ཡིན་ནའང་ཆུང་མས་དེ་ལ་སྣང་དོགས་ཙམ་ཡང་བྱེད་ཀྱིན་མེད་པ་མ་ཟད། རུས་གུར་ནང་ཡོང་ནས་ཡར་མར་གྱི་ཁ་བརྡ་བྱས་བྱུང་། མཚམས་དེར་ཁོས་རང་གི་ཆུང་མས་བུད་མེད་དེ་མཐོང་གི་མེད་པར་ཡ་མཚན་སྐྱེས་ཤིང་སེམས་ཀྱི་རྣམ་རྟོག་དང་འཇིགས་སྣང་དེ་ལས་ཆེ་བར་གྱུར་ནས་ཕར་ཕྱོགས་ཀྱི་བུད་མེད་དེར་ཡང་ཡང་བལྟས་པས། ཕྱུགས་རྫི་ཚེ་ཆུང་གི་ཆུང་མས་ ʼʼཅི་རེད། ཕར་ཕྱོགས་ནས་ཅི་ཞིག་མཐོང་སོང་ངམ་ཡང་ཡང་དེ་ལ་བལྟས་ནས་ཟེར།ʼʼ
སྐབས་དེར་ཁོ་རང་དེར་འདུག་མ་བཟོད་པར་ཆུང་མར་བལྟས་ནས། ʼʼལུག་ཆུ་ཁུར་འདེད་དགོས། དཱ་ང་འགྲོ་རན་ཐལ། འདི་ན་ཡང་རྩྭ་ཆུ་དེ་ཙམ་བཟང་རྒྱུ་མི་འདུག སང་ཉིན་ངས་ཀྱང་ཕྱུགས་ཟོག་དེད་ནས་ཕྱིར་ཡོང་རྒྱུ་ཡིན་ʼʼ ཟེར་ནས་མགྱོགས་མྱུར་ངང་ཆུང་མ་ཕྱིར་ལམ་འཇུག་བྱས་རྗེས་ཁོ་རང་ཕར་ཕྱོགས་སུ་སོང་། ཁོའི་ཆུང་མ་སོང་རྗེས་བུད་མེད་དེས་ཁྲོ་ཉམས་མི་སྟོན་པར་རྒྱུན་ལྡན་ལྟར་ཚུར་ཡོང་སྟེ། ʼʼཁྱེད་རང་ཕྱིར་ནམ་འགྲོ་རྒྱུ་ཡིན་ʼʼ ཟེར་ཞོར་གདོང་ལ་སྐྱོ་ཉམས་ཤིག་ཤར་འདུག དེ་དུས་ཁོས་བུད་མེད་དེ་མི་ངོ་མ་ཞིག་མིན་པ་རང་སེམས་ནས་ཐག་བཅད་ཡོད་པས། ʼʼསྐྲག་སྣང་དང་བཅས་སང་ཉིན་འགྲོ་རྒྱུ་ཡིན་ʼʼ ཞེས་ལན་སྟབས་བདེ་ཞིག་བྱིན་རྗེས། མོ་ལ་བཤོལ་ཆེད་དུ་ཕར་ཕྱོགས་ཀྱི་ཟོག་ལུག་རྗེས་སུ་སོང་།
ཁོས་འདང་རྒྱག་ཞོར་རྒྱག་ཞོར་དུ་དེ་སྔོན་གྱི་བུད་མེད་དེའི་རྒྱུན་ལྡན་མ་ཡིན་པའི་ཁྲོ་བའི་རྣམ་པ་དྲན་ནས་སེམས་ཀྱི་ཞེད་སྣང་ཆེ་རུ་སོང་ཞིང་ཕྱིར་རས་གུར་ནང་དུ་ཡོང་བར་ཡང་འཇིགས་ནས་ཕྱུགས་ཟོག་དེ་རུ་བཞག་ནས་མགྱོགས་མྱུར་ངང་ཕྱིར་རང་ཁྱིམ་དུ་མཚན་བརྒྱབ་ནས་ལམ་དུ་བུད། ས་རུབ་ནས་དུས་ཡུན་ཅུང་ཙམ་འགོར་དུས་ཅུང་ཐག་རིང་གི་ས་ན་བུད་མེད་དེས་ཁོའི་མིང་ནས་འབོད་ཀྱིན་པ་ཐོས་བྱུང་བས། ཕྱུགས་རྫི་ཚེ་ཆུང་སྔར་ལས་ལྷག་པའི་འཇིགས་སྐྲག་སྐྱེས་ཤིང་གོམ་པ་ཇེ་མགྱོགས་སུ་བཏང་ནས་མདུན་དུ་བསྐྱོད། བུད་མེད་དེས་མུ་མཐུད་ཁོ་རང་གི་མིང་ནས་འབོད་ཀྱིན་འདུག
དེ་ལྟར་སོང་སོང་མཐར་གཞི་ནས་སྡེ་ཚོ་དེའི་རུ་སྣེ་ཟིན་ཐུབ་པ་ཙམ་བྱུང་བས་གཞི་ནས་ཁོ་རང་ཅུང་ཙམ་ལྷོད་ལ་བབས་པ་ལྟ་བུ་བྱུང་མོད། ཡིན་ནའང་རྒྱབ་ཕྱོགས་ན་བུད་མེད་དེས་མུ་མཐུད་སྐད་ཆེན་པོས་འབོད་ཀྱིན་འདུག་ལ། ཁོ་དང་ཐག་ཉེ་རུ་བྱུང་བ་ལྟར་སྣང་བས་ཁོ་ལ་ཡང་བསྐྱར་འཇིགས་སྣང་སྐྱེས། ཕར་ཕྱོགས་ན་ཁྱིའི་ཟུག་སྐད་མཚམས་ཆད་ཀྱིན་མེད་ལ། རྗེས་ཕྱོགས་ན་བུད་མེད་དེའི་འབོད་སྐད་བསྟུད་མར་གྲག་གྱིན་འདུག བར་མཚམས་དེར་ཁོ་ཚང་དང་ཅུང་ཐག་མི་རིང་ས་ན་ཉག་ལམ་ཞིག་ཡོད་པ་དེ་དེད་ནས་འགྲོ་སྐབས། རུ་སྡེ་དེའི་ཁྱི་མང་གིས་ཟུག་སྐད་སྔར་ལས་ཇེ་ཆེར་གྱུར་ཞིང་རིམ་གྱིས་བུད་མེད་དེའི་སྐད་ཀྱང་ཅུང་མི་གསལ་བར་གྱུར་པས་ད་གཟོད་ཁོ་རང་གིས་དབུགས་རིང་ལེན་ཙམ་བྱས་ནས་ངལ་གསོ་ཞིག་བྱས། ཅུང་ཙམ་རྗེས་སུ་ཁོ་རང་དངོས་སུ་རང་ཁྱིམ་དུ་འབྱོར་ཞིང་ཆུང་མ་འབོད་ཞོར་སྦྲ་ནང་དུ་འཛུལ། ཚུལ་དེར་ཁོའི་ཆུང་མ་དང་ཕ་མ་གཉིས་ཧ་ལས་པར་གྱུར་ནས་ ʼʼཁྱེད་ལ་ཅི་བྱུང་སོང་ངམ། མཚན་གུང་འདིར་ཅི་བྱེད་དུ་ཡོང་བ་ཡིན་ʼʼ ཞེས་དྲིས་པར་ཁོས་ཡུད་ཙམ་ཅི་ཡང་བཤད་མ་ཐུབ་པར་ལུས། རྗེས་སུ་རང་ཉིད་ལ་བྱུང་བའི་དོན་དག་ཚང་མ་ཁོ་ཚོར་བཤད་པས། ཚང་མ་ཅི་ཞིག་ལ་སྐྲག་པ་ལྟར་ཅི་བྱེད་མེད་པར་ཧད་ནས་ལུས་འདུག ཆུང་མས་ཐབ་ཀའི་ནང་མེ་བུས་ཏེ་ཇ་སྐོལ་ནས་ཁོ་ལ་ཇ་དཀར་ཡོལ་གང་བླུགས་རྗེས། ཁ་རོག་གེར་བསྡད་འདུག སྐབས་དེར་ཁོའི་རྣ་ལམ་དུ་ཡང་བསྐྱར་བུད་མེད་དེིའི་འབོད་སྐད་གྲག་བྱུང་བས། ཕྱུགས་རྫི་ཚེ་ཆུང་གིས་ཡང་མོ་རང་སླེབས་བྱུང་ཟེར་ནས་དོགས་མི་བདེ་བར་གྱུར། སྐབས་དེར་ཁོའི་ཨ་མས་སྒྲོལ་མའི་མ་ཎི་དབྱིངས་སུ་གྱེར་བཞིན་མཆོད་ཁང་དུ་སོང་ནས་ཅི་ཞིག་ལ་གསོལ་འདེབས་བྱེད་ཀྱིན་འདུག
མཚན་མོ་དེ་ནི་ཅི་འདྲིའི་འཇིགས་སྣང་ཞིག་རེད། མཚན་གྱི་ཐུན་མཚམས་གསུམ་པའི་སྐབས་དེར་ཕྱུགས་རྫི་ཚེ་ཆུང་གཅིན་པ་གཏོང་དུ་ཕྱི་རོལ་ལ་འགྲོ་དུས་རྒྱབ་ཕྱོགས་ནས་ཡང་བསྐྱར་བུད་མེད་དེས་བོས་བྱུང་། ཁོ་རང་ཕྱིར་འཁོར་ནས་ལྟ་སྐབས་ཐབ་མེ་ངོགས་ནས་ཡང་བསྐྱར་བུད་མེད་དེ་གསལ་བོར་མཐོང་བྱུང་། བུད་མེད་དེ་ཁོ་དང་ཅུང་ཐག་རིང་ནས་ཚུར་མི་ཡོང་བར་ལུས་གཅེར་རྗེན་དུ་བསྟན་ནས་སྐྲ་གཟེངས་ཤིང་སོ་གཙིགས་ནས་ཁོ་ལ་སྡང་མིག་གིས་ལྟ་བ་དང་། མཆིལ་ཞགས་འཕེན་པ་སོགས་ཧ་ཅང་མ་རུང་པའི་ཁྲོ་ཉམས་ཁོ་ན་སྟོན་གྱིན་འདུག་པ་མཐོང་དུས། ཁོ་རང་སྔར་ལས་སྐྲག་སྣང་ཞིག་སྐྱེས་ནས་ཕྱིར་སྣུར་འགའ་བྱས་པ་དང་མཉམ་དུ་རྐང་པ་རྡོ་ཞིག་ལ་ཐོགས་ནས་དེ་གར་ཁ་སྦུབ་ཏུ་འགྱེལ། ཚུལ་དེ་ཁོའི་ཆུང་མས་མཐོང་ནས་ཚུར་རྒྱུག་ཡོང་དུས་ཁོས་ཆུང་མར་སྐད་ཆེན་པོས་ ʼʼཚུར་མ་ཡོང་མོ་སླེབས་འདུག་ʼʼ ཟེར། སྐབས་དེར་ཆུང་མས་ ʼʼསུ་སླེབས་འདུག་ངས་ཅི་ཡང་མཐོང་གི་མི་འདུག་ʼʼ ཟེར།
ཆུང་མས་ཁོ་རང་གི་ལག་པས་འཐེན་ནས་ལངས་སུ་བཅུག ཕྱུགས་རྫི་ཚེ་ཆུང་གིས་མུ་མཐུད་ནས་ཁ་སང་གི་བུད་མེད་དེ་སླེབས་འདུག ʼʼམོ་རེད་ངོ་མ་མོ་རེད། མོ་གཅེར་བུ་རེད་ʼʼ ཟེར་བཞིན་དུ་ཁོའི་ལུས་ཡོངས་རྫོགས་ལྕུག་ལྕུག་ཏུ་འདར་བཞིན་འདུག སྐབས་དེར་ཕྱུགས་རྫི་ཚེ་ཆུང་གི་ཆུང་མས་ཐན་ལྟས་ངས་ཅི་ཡང་མཐོང་གི་མི་འདུག དེ་ནི་འདྲེ་མིན་ན་སུ་ཡིན་ཟེར་ཞོར་བྲེལ་འཚུབ་ཀྱིས་ཕྱིར་ཁྱིམ་དུ་སོང་ནས་ཕ་མ་གཉིས་ལ་དེ་ལྟར་བཤད། ཕ་མ་གཉིས་ཡོང་ནས་བལྟས་ཀྱང་ཅི་ཡང་མ་མཐོང་བས་ཚང་མ་དངངས་སྐྲག་སྐྱེས་ཤིང་ཅི་དྲག་གང་དྲག་གིས་གྲོས་བྱས་མཐར། ཕྱི་ཉིན་སྔ་པོ་ཕྱུགས་རྫི་ཚེ་ཆུང་ཕ་རྒན་གྱིས་ཁྲིད་ནས་ཨ་ལགས་གྲགས་ཚང་གི་མདུན་ལ་འགྲོ་རྒྱུ་ཐག་བཅད། སྐབས་དེར་གཞི་ནས་ནམ་ཡང་ལངས་བྱུང་ལ་ཕྱུགས་རྫི་ཚེ་ཆུང་གི་མིག་ལམ་གྱི་བུད་མེད་དེ་ཡང་མི་མཐོང་བར་གྱུར་ཅིང་རྣ་ལམ་དུ་ཡང་ཡང་གྲག་པའི་བུད་མེད་དེའི་འབོད་སྒྲ་དང་ཁྱི་སྐད་སོགས་ཀྱང་དལ་འཇགས་སེར་གྱུར་སོང་བས་ད་གཟོད་ཕྱུགས་རྫི་ཚེ་ཆུང་ལ་དལ་ལྷོད་ལྷོད་ཀྱི་ངལ་གསོ་ཞིག་བྱུང་།
ཉི་མ་རི་རྩེར་ཤར་བ་དང་མཉམ་དུ་ཕྱུགས་རྫི་ཚེ་ཆུང་དང་ཕ་རྒན་གཉིས་ཨ་ལགས་གྲགས་ཚང་གི་སྐུ་མདུན་དུ་སོང་། ལམ་བར་དུ་ཕྱུགས་རྫི་ཚེ་ཆུང་ལ་ཚ་བ་ཡང་ཡང་འཕར་ཞིང་སྙིང་ལྡིང་ནས་འགྲོ་ཡང་དཀའ་བའི་གནས་སུ་གྱུར། དེ་ནས་ཕ་རྒན་གྱིས་རྟའི་གོང་ལ་དམ་པོར་བསྡམས་ནས་ཡུད་ཙམ་སོང་རྗེས་གཞི་ནས་གསེར་ལུང་དགོན་པར་འབྱོར། གནས་ཚུལ་ཆད་ལྷག་མེད་པར་ཨ་ལགས་གྲགས་ཚང་ལ་ཞུས་པར་རིན་པོ་ཆེ་ཚང་གིས་སྐབས་ཙམ་རིང་ཅི་ཡང་མི་གསུང་བར་སྤྱན་གཉིས་བཙུམས་ནས་ཡུད་ཙམ་བསྡད་རྗེས། ཕྱག་མདུད་དམར་པོ་ཞིག་ལ་ཞལ་སྔགས་གསུམ་ཙམ་བརྒྱབས་ནས་ཕྱུགས་རྫི་ཚེ་ཆུང་ལ་སྟེར་བཞིན་འདི་ལྟར་གསུངས། ʼʼཁྱེད་སྐྲག་མི་དགོས་ཕྱག་མདུད་འདི་མོའི་ཁ་གནོན་ཡིན། དོ་ནུབ་ཁྱེད་ཀྱིས་འདི་ཁྱེར་ནས་སྔོན་གྱི་རས་གུར་དེའི་ནང་ཉལ་བར་སོང་དང་། བུད་མེད་དེ་དེར་ཡོང་ནས་ཁྱེད་དང་ལྷན་དུ་བསྡད་ནས་མོའི་སེམས་ཅུང་ཙམ་ལྷོད་ལ་འབབ་ངེས། དེ་ནས་ཁྱེད་རང་གིས་བུད་མེད་དེས་མཉམ་བཞག་མེད་ས་ནས་ཕྱག་མདུད་འདི་མོའི་སྐྲ་ནང་དུ་དམ་པོར་ཐོགས། བར་མཚམས་དེར་མོས་ཅི་བྱས་ཀྱང་ཁྱེད་ཀྱིས་ངས་བསླབ་པའི་སྔགས་འདོན་བཞིན་མིག་གཏན་ནས་མ་ཕྱེས་དང་། དེ་ནས་ང་ཚོ་ཡོང་ཆོག་ʼʼ གསུངས།
ཕྱུགས་རྫི་ཚེ་ཆུང་ཕ་བུ་གཉིས་ཀྱིས་ཨ་ལགས་གྲགས་ཚང་གི་བཀའ་གསུང་ཡིད་ལ་བཟུང་ནས་ཕྱིར་ལམ་ལ་ཆས། དེ་ནས་ཁོའི་ཕ་རྒན་དང་ཉེ་འབྲེལ་འགའ་ཡིས་ཕྱུགས་རྫི་ཚེ་ཆུང་ཁྲིད་ནས་སྔོན་གྱི་རས་གུར་ནང་བསྐྱལ་རྗེས། ཁོ་ཚོས་ཐག་རིང་ནས་མོ་ལ་སྒུག་ནས་བསྡད། ཉི་མ་ཡོལ་མཚམས་སུ་བུད་མེད་དེ་སྔར་བཞིན་ཁོ་སྡོད་སའི་རས་གུར་དེ་གཟས་ནས་ཡོང་བཞིན་པ་ཕྱུགས་རྫི་ཚེ་ཆུང་གིས་གསལ་བོར་མཐོང་བྱུང་། ཡིན་ནའང་ཕྱུགས་རྫི་ཚེ་ཆུང་གི་ཕ་རྒན་དང་ཉེ་འབྲེལ་གཞན་དག་གིས་སྔར་བཞིན་བུད་མེད་དེའི་གྲིབ་མ་ཙམ་ཡང་མཐོང་མ་བྱུང་། ནུབ་མོ་དེར་མོས་ཁྲོ་ཉམས་མི་སྟོན་པར་དེ་སྔོན་ལྟར་ཧ་ཅང་རྒྱུན་ལྡན་གྱིས་ཁྱེད་སླེབས་བྱུང་ངམ། ངས་ཁྱེད་རང་གང་སར་བཙལ་བ་ཡིན། ད་དོ་ནུབ་རྙེད་བྱུང་ཟེར་བཞིན་ཁོ་རང་ལ་དམ་དུ་འཁྱུད་བྱུང་། ཁོ་རང་སྐྲག་ཐག་ཆོད་ནས་སྙིང་འདར་བཞིན་ཡོད་ནའང་ཨ་ལགས་ཚང་གི་བཀའ་གསུང་ཡིད་ལ་དྲན་ནས་ཅི་མི་སྙམ་པར་མོ་དང་ལྷན་དུ་ཉལ་སའི་ནང་འཛུལ་ནས་དལ་ལྷོད་ལྷོད་མོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ཡུད་ཙམ་འགོར་རྗེས་ཕྱག་མདུད་དེ་མོའི་སྐྲའི་ནང་ལ་དམ་པོར་འདོགས་བཞིན་ཁ་ནང་ནས་ཨ་ལགས་ཚང་གིས་བསླབས་པའི་སྔགས་དེ་ཟློ་བཞིན་མིག་གཉིས་བཙུམས། སྐབས་དེར་འདྲེ་མོ་དེས་སྐད་ཤུགས་ཆེན་པོས་ ʼʼཁྱེད་ཀྱིས་ང་ལ་བལྟས་དང་ʼʼ ཞེས་ཕྱུགས་རྫི་ཚེ་ཆུང་ཡང་ཡང་འབོད་ཀྱིན་འདུག ཇི་ལྟར་བོས་ཀྱང་ཁོས་མིག་ཟུང་གཏན་ནས་མ་ཕྱེས་པས་ད་གཟོད་གནམ་ས་གས་པ་ལྟ་བུའི་སྒྲ་ཆེན་པོ་ཞིག་དང་མཉམ་དུ་ཡོད་ཚད་ལྷིང་འཇགས་སེ་གྱུར།
བར་མཚམས་དེར་ཕྱུགས་རྫི་ཚེ་ཆུང་གི་ཕ་རྒན་གྱིས་ ʼʼད་ལྟོས་དང་ཨ་ལགས་ཚང་ཕེབས་འདུག་ʼʼ ཟེར་བས། ད་གཟོད་ཁོས་མིག་གཉིས་དལ་བུར་ཕྱེས་དུས་མཐོང་ལམ་དུ་ཨ་ལགས་ཚང་དང་ཉེ་འབྲེལ་འགའ། གཞན་ཁོ་རང་གི་ཕ་རྒན་བཅས་ལས་ཅི་ཡང་མ་བྱུང་བས། གཞི་ནས་ཕྱུགས་རྫི་ཚེ་ཆུང་གི་སེམས་ལྷོད་ལ་བབས་ཙམ་བྱུང་། དེ་ནས་ཨ་ལགས་ཚང་གིས་ཁོ་ཚོར་ཕར་ཕྱོགས་ཀྱི་ལ་ངོས་ཤིག་ལ་ཕྱག་མཛུབ་ཀྱིས་བསྟན་ནས་ ʼʼདཱ་ཁྱེད་ཚོས་ཕྱག་མདུད་དེ་བཙལ་ནས་ཤོག་ʼʼ གསུངས། དེ་ནས་ཁོ་ཚོས་ཨ་ལགས་ཀྱི་གསུངས་པ་བཞིན་ལ་ངོས་དེའི་གང་སར་བཙལ་བས་མཇུག་མཐར་ཕྱུགས་རྫི་ཚེ་ཆུང་གི་ཕ་རྒན་གྱིས་ས་འབུར་ཞིག་གི་སྟེང་ནས་ཕྱག་མདུད་དེ་མཐོང་བས་ཨ་ལགས་ཚང་ལ་ཞུས་པས་ཨ་ལགས་ཚང་གིས་ད་ཚང་མས་ས་འབུར་དེ་བརྐོས་གསུངས། དེ་ལྟར་བྱས་པས་ས་འབུར་དེའི་གཏིང་ནས་དུར་སྒམ་ཞིག་རྙེད་བྱུང་། དེ་ཁ་ཕྱེས་དུས་ནང་ན་འཇིགས་སུ་རུང་བའི་བུད་མེད་ཅིག་གི་བེམ་གཟུགས་ཆ་ཚང་ཞིང་སོ་དང་སེན་མོ་ཡོད་པ། སྐྲའི་ཐོག་ན་སྣུམ་ཀྲིག་ཀྲིག་བྱེད་པ། ལུས་གསོན་པོ་ལྟ་བུའི་གཟི་མདངས་ཡོད་པ་ཞིག་གིས་སོ་གཙིགས་ཤིང་སྡང་མིག་གིས་ཁོ་ཚོར་བལྟས་བྱུང་། སྐབས་དེར་ཨ་ལགས་ཚང་གིས་ཕྱག་ནས་སྤར་མོ་གང་སྟོར་བས། བེམ་པོ་དེས་ཨག་སྐད་ཆེན་པོ་ཞིག་བརྒྱབ་པ་དང་མཉམ་དུ་དེ་ལྟར་ལྷོད་འཇགས་སེར་གྱུར་སོང་། ཡུད་ཙམ་རྗེས་སུ་བེམ་གཟུགས་ཆ་ཚང་ཀེང་རུས་ཞིག་ཏུ་གྱུར་འདུག དེ་ནས་ཨ་ལགས་ཚང་གིས་ཐལ་མོ་ཐུགས་ཀར་སྦྱར་ནས་དམིགས་པ་ཆེན་པོས་ཞལ་འདོན་ཡུད་ཙམ་གནང་རྗེས་ཡང་བསྐྱར་ཀེང་རུས་དེ་ཡང་བསྐྱར་དུར་སྒམ་དུ་བཅུགས་ནས་ཐོགས་ལ་ས་བཀབ་ཅིང་། དེའི་སྟེང་དུ་ཚ་ཚའི་མཆོད་རྟེན་ཞིག་བཞེངས་ནས་བཞག
དུས་དེ་ནས་བཟུང་ཕྱུགས་རྫི་ཚེ་ཆུང་གིས་བུད་མེད་དེ་མཐོང་མེད་གོ་མེད་དུ་གྱུར་ཅིང་རིམ་གྱིས་ཁོ་རང་ནད་མནར་ལས་ཀྱང་གྲོལ་ཐུབ་པར་གྱུར།
མཆན། འདི་གཤིན་འདྲེ་མ་ཞིག་ཕྱུགས་རྫི་ཚེ་ཆུང་ཟེར་བའི་སྐྱེས་པ་ཞིག་ལ་སེམས་ཆགས་ཤིང་མཐའ་མར་ཕྱུགས་རྫི་དེའི་ཚེ་ལ་རྒོལ་བར་བརྩམས་པའི་དངོས་བྱུང་གཏམ་རྒྱུད་ཅིག་ཡིན།
ངེད་དྲ་ཚིགས།