ཁ་བ་ལྷ་མོ།


          ཁ་བ་ལྷ་མོ།  དངོས་མིང་མེ་ཏོག་སྐྱིད།

        མཚོ་སྔོན་པོ་བོང་སྟག་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན་རྗེས་ཕ་ཡུལ་གྱི་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་ལས་ཀ་གཉེར། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཞིབ་འཇུག་གི་སློབ་སྦྱོང་མཐར་ཕྱིན་རྗེས་མུ་མཐུད་དུ་ཕ་ཡུལ་ལ་ལོག་ནས་དགེ་རྒན་གྱི་ལས་ཀ་ལས་བཞིན་ཡོད།

         དགའ་སྡུག་གི་འཚོ་བའི་བར་གླགས་ནས་སྙན་ངག་ལྟ་བུ་རེ་སྒྲུག་རྒྱུ་རྒུམ་རྒྱུར་ཤིན་ཏུ་དགའ།  སྤྱི་ལོ་ཉིས་སྟོང་དགུ་ལོར་སྙན་ངག༼གངས་དཀར་པོ་དང་མ་སྲུ་མོ༽ཞེས་པར༼གངས་རིའི་བུ་མོ༽འི་རྩོམ་རིག་བྱ་དགའ་ཐོབ།  ཉིས་སྟོང་བཅུ་བཞི་ལོར༼ཁ་བའི་རྣ་ཆ༽ཞེས་པའི་སྙན་དེབ་ཆུང་ཆུང་ཞིག་པར་སྐྲུན་བྱས།  ད་ལོ་སྟེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བར་སྙན་ངག་ཐུང་ངུ༼ ཆར་བ་ཤག་ཤག་འབབ་དོན༽ཞེས་པར་བོད་ཀྱི་སྙན་ངག་དུས་དེབ༼གངས་རྒྱན་མེ་ཏོག༽ གི་རྩོམ་རིག་བྱ་དགའ་ཐོབ།


ཕུ་བོར་ཁ་བཏགས་ཤིག་གི་ཚབ་ཏུ།

རྐང་འཁོར་ཆུང་ཆུང་གིས་ཁུར་བའི་རྒྱབ་གཟུགས་ཆུང་ཆུང
ཁྱོད་ཀྱི་རྒྱབ་གཟུགས་ཆུང་ཆུང་གིས་བཏགས་པའི
སྙིང་ཉེ་བོ་དག་གི་སེམས་ཁོང་ན་རབ་ཏུ་འབར་བའི
དེ་ལས་ཀྱང་ཨ་མ་རྒན་མོ་ཞིག་གི་སེམས་དང་མིག་གིས་སྐད་ཅིག་ལྷོད་མ་ཐུབ་པའི ཟླ་ངོ་དྲུག 
ཟླ་ངོ་དྲུག་གི་འགྲུལ་བཞུད
དེ་རིང་གཞི་ནས་མཇུག་རྫོགས་སོང
བཀྲ་ཤིས་བདེ་ལེགས་ཞུ

ཟླ་ངོ་དྲུག་པོ་འདིའི་རིང་ལ
ཁྱོད་ཀྱིས་མགོ་ནག་བོད་པའི་ས་སྒང་རིལ་མོ་ནས
དགའ་སྡུག་གི་རྐྱང་བྲོ་འཁྲབ་ཡོད
ཁྱོད་ཀྱིས་མདོ་དབུས་ཁམས་གསུམ་གྱི་སྙིང་ཁ་ནས
གསར་རྙིང་གི་རྨ་ཁར་རེག་ཡོད
དེ་རིང་ཁྱོད་ཉིད ལུས་པོ་ལས་ཀྱང་སེམས་པ་ངལ་ཡོད་སྲིད
ཉི་འོད་ཀྱིས་བསྲེགས་པའི་ངོ་གདོང་སྨུག་པོ་དེ
སྨྲེང་སྐྱོ་ཡིས་བཏུམས་པའི་སེམས་པའི་ཁ་དོག་ཡིན་ནམ
རྐང་པའི་འགྲུལ་བཞུད་འདིའི་རྗེས་ན་ད་དུང
སེམས་པ་གཅིག་པུ་བཞུད་དགོས་པའི་ལམ་བུ་ག་ཙམ་ཡོད་དམ

ངས་འདི་ནས ཁྱིམ་མི་དག་གི་ཚབ་ཏུ
དར་ཐག་སྙོད་སྙོད་ཀྱི་བཞུད་ལམ་རིང་མོའི་ཁ་སྒང་ནས
ཉིན་མཚན་ཀུན་ཏུ་ཁ་རོགས་དཔུང་རོགས་ན་ཡོད་པའི
ཁྱོད་ཀྱི་གྲོགས་པོ་དག་ལ་ཐུགས་རྗེ་ཆེ་ཞུ་དགོས

ངས་ཁྱིམ་མི་དག་གི་ཚབ་ཏུ
ལམ་ཐག་རིང་ཐུང་གི་མཚམས་ནས
ཁྱོད་ལ་ཁ་གཡང་བོས་ཤིང་ཁྱོད་ལ་སེམས་ཤུགས་བསྩལ་མྱོང་བའི
ཐག་ཉེ་རིང་གི་བོད་མི་སྤུན་ཟླ་ཀུན་ལ་ཐུགས་རྗེ་ཆེ་ཞུ་དགོས

ངས་ད་དུང
ཕྱི་རྐྱལ་ནང་རྐྱལ་ཙམ་ཡང་བརྗེ་བོ་རྒྱག་མ་དགོས་པའི
ཁྱོད་ཀྱི་རྐང་འཁོར་ཆུང་ཆུང་དེ་ལ་ཐུགས་རྗེ་ཆེ་ཞུ་དགོས
འུ་ཅག་ལྷན་འཛོམས་ཀྱི་ཉིན་མོར
ངས་ཁོ་ལ་གཡུ་བྱ་རྟེའུ་སྔོན་ཞེས་པའི་མིང་ཞིག་བོས་ཤིང
ཁ་བཏགས་སྔོན་པོ་ཞིག་གིས་བསུ་བ་བྱེད་དགོས
ཁྱེད་མི་རྟ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ་དགོས

༢༠༡༥/༩/༦

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s