སྨྱུག་མདའ།

ནམ་གྱི་ད་ཚོད་ཅིག་ལ།།
འཁོར་བའི་སྐྱོ་གཏམ་མོད་པོ།།

ལན་ཆགས་གན་འོ་འདི་འོ།།
སེམས་ཀྱི་གཏིང་སར་འཛུལ་ལོ།།

རྨི་ལམ་རིང་མོ་རིང་མོ།།
སུ་ཡིས་ལས་བདའ་ཡིན་ནམ།།

ལྷིང་འཇགས་མིན་པའི་སྟོན་ཀ།
མི་ཆོས་གཅེར་བུར་མཐོང་ངམ།།

སྣང་བ་དབྱངས་ལ་སིམས་ཏེ།།
ཆར་བ་འབབ་ཚུལ་བཟོས་ཡོད།།

ཡིག་ཆུང་སྲོག་ལ་ཞུགས་སྐབས།།
ལམ་ནི་གྱ་གྱུས་འཁྲིད་འགྲོ།།

རི་བོའི་དྲོད་ཤ་ལེན་པའི།།
དགུན་ཟླའི་གཤིས་ཀ་རྩུབ་བོ།།

རྣམ་ཤེས་ཉི་མར་ལྡེ་བས།།
བདེ་བ་ཟ་ཟི་རྙེད་བྱུང་།།

འོད་ཉག་བགྲེས་པོའི་གམ་དུ།།
གྲིབ་ཡོར་འཚང་ཀ་ཤིག་ཤིག།

བྲོ་ཁང་ཆང་ཁང་འདྲ་འོ།།
ཚོན་ཁ་དམར་སེར་འདྲེས་སོ།།

དབུས་པའི་མལ་ཁྲིའི་ལོགས་སུ།།
གར་འཁྲབ་ག་ལེར་འབུད་གི།

ཕོ་བྲང་རྩྭི་ཤིང་ལྷན་ཅིག།
དུག་གིས་ཟོས་ཏེ་འདས་སམ།།

དབུ་ཡིས་སྤྱན་ཟུང་ཕྱེ་ལ།།
ཁ་བ་མེ་ཏོག་ཉིལ་ལེ།།

ཉི་ནུབ་གྲིབ་སོའི་ངོགས་ན།།
སྐྱིད་སྡུག་གཉེར་མ་འཚུབ་བོ།།

རྐང་རྗེས་དྲོན་མོ་བཞག་ཤུལ།།
རུས་པ་མེ་སྟག་འགྱུ་འོ།།

སྲིད་སྟེགས་ཐོབ་སྐལ་ཚེས་ལ།།
རི་མོའི་རྩེད་སྒྲུང་མང་ངོ་།།

དད་པ་མཆུ་ཏོའི་བར་དུ།།
ལུས་སྤུ་ལྡང་མདོག་འདྲེན་ནོ།།

ས་མཐའ་ཚོམ་བུར་ཆད་དེ།།
མུན་པའི་འོབས་སུ་ལྷུང་འདུག།

སྐྱ་རེངས་ངོགས་ཀྱི་དངངས་པ།།
སླར་ཡང་ཕྱོགས་བཞིར་གྱེས་སོ།།

༢༠༡༥ །༡༠ །༡༣  ་ ༡༤ ལ་གྲུབ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading