ཙོང་ཁ་ཚེ་བརྟན་རྒྱལ།

སྟོད་ཀྱི་ཆུ་བཞི་འབབ་ས།
ཆེ་ན་ཆེ་རབས།
སྨད་ཀྱི་ཆུ་བཞི་བཞུར་ས།
རིང་ན་རིང་རབས།
སྣ་ཚོགས་སྒྲུང་ཞིག་གྲུབ་ནའང་།
ངས་བཤད་མི་འདོད།
ངས་མགོ་བོ་གང་ལ་བསྙེས།
འཁྱག་ནོ་འདར་ནོ།
ཅི་ཡང་གང་ཡང་མི་འདུག་སྙམ།
ཏག་ཏག་མེག་རྒན་སྲང་ལམ་འདིས།
ང་ལ་ཕྱིར་དྲན་ག་ཚོད་སློང་།

ཁ་བ་བབས་ན་བསམ།
གངས་རི་མཐོ་ན་འདོད།
མ་བསམ་པའི་ནམ་དུས་ལ།
མིག་ཟུང་གང་སར་ཧད་ཀྱང་།
སྟོད་ཀྱི་གཟུགས་ཤིག
ཤོར་ན་ཤོར་རབས།
སྨད་ཀྱི་བརྙན་ཞིག
བོར་ན་བོར་རབས།
མང་མང་གི་གཏམ་ལ་བརྒྱུས་བ་ལས།
ངས་རང་ཉིད་ལ་ནང་དོན་ཅི་ཙམ་འཇོག
ངས་ཡང་བསྐྱར་གོམ་ཁ་ལྷོད།
ང་མེག་རྒན་སྲང་ལམ་ན་འདུག

སྟོད་ཀྱི་བཙན་རྫོང་།
འདར་ཙམ་མིན་ན།
ཞིག་རོ་ཞིག
སྨད་ཀྱི་མཁར་སྒོ།
གཡོ་ཙམ་མིན་ན།
ཆག་རོ་ཞིག
ངས་ཉན་འདོད་ཀྱང་།
ཁྱེད་ཀྱི་ཤར་ཕྱོགས།
ང་ཡི་ནུབ་ཕྱོགས།
མེག་རྒན་སྲང་ལམ་ནས་འཐོར་བ།
གསང་ན་གསང་ཆོག་གམ།

མེག་རྒན་ནི་མེག་ལོ་རྒན་ཇའི་བསྡུས་མིང་ཡིན་ཞིང་།
སོ་ཁོ་ལན་རྒྱལ་ཁབ་ཀྱི་བཙན་འཛུལ་བ་ཞིག་གི་མིང་ཚུལ་བཤད།

༢༠༡༥།༦།༢༢—–༧།༡༥བར་གྲུབ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading