བོད་ཀྱི་ཀི་སྒྲའི་ལོ་རྒྱུས་ཕྲན་བུ།

བན་ཤུལ་དཔལ་མཁར་རྒྱལ།

          བོད་ཀྱི་མི་རྒྱུད་འདི་ལ་སྔ་མོའི་དུས་ནས་བཟུང་ཐུན་མིན་གྱི་བརྡ་སྤྲོད་སྟངས་གཞན་དང་མ་འདྲ་བ་རེ་ཡོད་པ་ཡིན་མོད། འདིར་བརྡ་སྤྲོད་སྟངས་ཀྱི་སྤྱི་རྣམ་ལས་བྱེ་བྲག་གི་འདེབས་པའི་ལོ་རྒྱུས་ཟུར་ཙམ་འཆར་པར་འབད་བརྩོན་བྱའོ།
ཀི་ཞེས་པ་ནི་ངག་གི་རྩོལ་བ་ལ་བརྟེན་ནས་སྒྲ་དྲག་པོ་ཞིག་ཁ་ནས་ཕྱིར་འདོན་པ་དེ་ལ་བྱ་དགོས་ཤིང་། ངག་རྩོལ་ལ་བརྟེན་པའི་སྒྲ་དྲག་པོ་ཕྱིར་འདོན་བྱེད་པ་གང་ཡོད་ཀི་སྒྲ་ཡིན་པའི་ཁྱབ་པ་མེད་ནའང་ཀི་སྒྲ་ཡང་དེའི་ཁུངས་སུ་འདུ་འམ་སྙམ་པས་དཔྱད་དགོས།

         གང་ལྟར་ཀི་བཏབ་ནས་ཡ་གླིང་སའི་དཀྱིལ་འཁོར་ལ་མངའ་བསྒྱུར་བའི་བོད་ལ་མཚོན་ན་ཀི་འདེབས་པ་ནི་ཐུན་མོང་གི་ཁྱད་གཤིས་ཤིག་ལ་གྲུབ་ཡོད། སྔོན་གྱི་ཡིག་ཚང་རྙིང་བ་ལྟར་ན་ཀི་འདེབས་པ་དང་བསྭོ་འདེབས་གཉིས་ནི་བོད་རྒྱལ་གྲི་གམ་བཙན་པོའི་དུས་ནས་ཡོད་པར་འཆད་པ་དང་། ཕྱིས་སུ་སྔར་གྱི་དམག་བྱ་ལ་འབྲེལ་བ་ཡོད་པའི་ཆོ་གའི་ཡིག་རྙིང་དག་ནའང་ཀི་བསྭོ་གཉིས་མཉམ་དུ་བཞག་ནས་ཡང་མེས་ཀྱི་གཞི་བདག་སོགས་ལ་གསོལ་མཆོད་བྱ་སྲོལ་ཡོད་པ་དེར་ཡང་དཔྱད་གཞི་ཧ་ཅང་ཆེའམ་སྙམ། གང་ལྟར་ང་ཚོས་ངག་གི་བྱེད་རྩོལ་ཀི་འདེབས་པ་འདིས་ཁུངས་ལ་མུ་མཐུད་དུ་བརྟག་ནས་གསལ་བྱེད་གནང་དགོས་ཏེ། གཞན་དུ་ན་ནུབ་གླིང་གི་རྒྱ་སེར་དང་རྒྱ་གར་ནག་སོགས་ལ་ཀི་འདེབས་པ་དང་ཀི་སྐོར་བྱེད་པའི་ཡུལ་སྲོལ་ཧ་ལམ་མེད་དམ་སྙམ། ཀི་འདེབས་པ་འདི་བོད་སོགས་རིག་གནས་དང་ཡུལ་སྲོལ་གྱི་ཁྲོད་ནས་འཚར་ལོངས་བྱུང་བའི་སྔ་སྲོལ་ཁྱད་པར་བ་ཞིག་ཡིན་པས། དོན་ཆུང་ལ་དཔྱད་གཞི་ཆེ་བར་དགོངས་དགོས་སོ།

        བོད་བཙན་པོའི་རྒྱལ་རབས་ཀྱི་བྱུང་བ་མཚོན་པའི་ཡིག་རྙིང་རྣམས་སུ་བོད་དམག་གི་ཁྱད་ཆོས་ནི་ཀི་བཏབ་ནས་འཐབ་མོ་བཀྱེ་བ་དང་། ཀི་བཏབ་ན་ངར་ཤུགས་སྔར་ལས་ཆེ་བ་སོགས་ཀྱི་སྣང་ཚུལ་བཀོད་ཡོད། དེའི་སྲོལ་རྒྱུན་ནི་ཨ་མདོ་སོགས་སའི་ཁམས་ན་དམག་གི་རྒྱུད་པར་ཆད་པའི་འབྲོག་སྡེ་རྣམས་ཀྱིས་བརྐྱངས་ཡོད་པ་སྟེ། དཔེར་ན་ཕོ་མང་པོ་གཉམ་རུབ་ཀྱིས་བསང་གི་མཆོད་ཁ་གཏོང་དུས་དང་རྟ་རྒྱུགས་དུས་སུ་ཀི་སྐོར་དང་ཀི་རྒྱངས་བྱེད་པ་ཡིན་ལ།  དེས་ཕ་རོལ་བའི་སྙིང་ཁམས་ལ་བརྡབ་གསིག་དང་ཤུགས་སྣོན་བྱེད་པ་ཡིན།

         དེ་ལྟར་བགྲང་བྱའི་ཉག་མ་མང་པོ་འདས་པའི་གོ་རིམ་ཁྲོད་དུ་ཀི་འདེབས་པ་དེ་འབྲོག་ལས་ཀྱི་འཚོ་བར་ཞུགས་ནས་རི་མཐོ་རྣམས་སུ་སྤྱང་ཀིས་ཕྱུགས་རིགས་ལ་གནོད་པ་དང་ས་ཡུལ་རྒྱང་ཐག་རིང་བ་རྣམས་སུ་ཕན་ཚུན་ལ་བརྡ་སྤྲོད་པའི་ལས་སུ་བཀོལ་བཞིན་ཡོད།

         གང་ལྟར་ཡང་བོད་ཀྱི་ཀི་སྒྲ་ནི་མི་རིགས་གང་ལའང་མ་འདྲ་བའི་བོད་ཀྱི་གཤིས་ལུགས་ལས་ཐོན་པ་དང་། དེས་སྙིང་ཁམས་ཀྱི་རླུང་རྙིང་བསལ་ནས་སེམས་ལ་བདེ་བ་སྟེར་བ་ནི་རི་མཐོའི་སྨུག་ལོང་ཁྲོད་ནས་ཀི་བཏབ་པ་ཞིག་ལ་མཚོན་ན་ལམ་སེང་མྱོང་བས་ཤེས་ནུས་ལ། དེ་སྔོན་དབྱིན་ཇུའི་བོད་ལ་དྲག་གནོན་བྱེད་པའི་སྐབས་ཀྱི་དམག་དཔོན་རྒན་པ་ཞིག་ལ་བཅར་འདྲི་བྱེད་དུས་ཁོས་དབྱིན་དམག་རྣམས་དགུང་མོ་ཉལ་དུ་རྩོམ་དུས་བོད་དམག་གི་ཀི་སྒྲ་དྲན་ཚེ་གཉིད་མི་ཁུགས་པ་དང་བོད་དམག་གི་ཀི་རྒྱངས་དྲག་པོས་རི་གཟར་ནས་རྦབ་རྡོ་འདྲིལ་བའི་ངར་ཤུགས་ཡོད་ཅེས་བཤད་སོང་། འདི་ནི་མི་རིགས་གཞན་པ་ཞིག་གིས་བོད་ཀྱི་ཀི་སྒྲ་ལ་ངེས་བཟུང་བྱས་པའི་ལྟ་ཚུལ་ཞིག་རེད།

          མདོར་ན་ང་ཚོས་ཀི་སྒྲ་འདི་ཡང་དོན་ཆུང་དུ་མ་བསམ་པར་དཔྱད་ནུས་ན་སྐབས་རེར་ལོ་རྒྱུས་ལ་དགེ་ཐོན་པ་དང་བྱུང་བ་ལ་ངར་བསྣོན་པའི་དུས་ཀྱང་ཡོད་པས་དེ་ལྟར་དུ་བཟུང་བར་བྱའོ།

 བན་ཤུལ་དཔལ་མཁར་རྒྱལ་གྱིས་༢༠༡༥ལོའི་ཟླ་༡༠ཚེས་༡༡ལ་མངའ་རིས་སྨད་མང་ཡུལ་གུང་ཐང་གི་བཙད་པོའི་མི་རྒྱུད་ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་སུ་ཤར་མར་བྲིས་སོ།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s