སྙན་དེབ<<རུས་པའི་སྐར་མ>>ལས་འཕྲོས་པའི་ལབ་གླེང་ཐན་ཐུན།
གཟུངས་ཕྱུག་སྐྱིད།
དེང་གི་ཆར་གོ་ལ་ཟླུམ་པོའི་ཤར་ནུབ་གང་དུ་བལྟས་ཀྱང་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་གྱི་ཚོར་ཤེས་སྐྱེན་པོ་ཡོངས་སུ་ཉམས་ཏེ། མི་ཕལ་མོ་ཆེ་ཆབ་སྲིད་པ་དང་ཚོང་པ་དག་གི་དཔལ་འབྱོར་དང་ཁེ་གྲགས་བརྩོན་ལེན་བྱེད་པའི་རྒྱལ་ཕམ་གྱི་བྲན་དུ་ཚུད་པས་འགྲོ་བ་མིའི་ཞི་འཇགས་ཀྱི་འཚོ་གནས་དང་ནང་སེམས་ཀྱི་མཛའ་བརྩེ་སོགས་ལ་ནད་ཡམས་ཐེབས་ཅིང་། ཁྱབ་རྒྱ་ཆུང་བའི་རང་གཅེས་གུ་དོག་གི་ཁོར་ཡུག་ཁོ་ན་བརྩོན་ལེན་བྱེད་བཞིན་པའི་གནས་སྟངས་འོག་ནས་སྙན་ངག་གི་དགའ་འདུན་ཞིག་འཚོལ་རྒྱུ་ནི་བསམ་གཟས་ནས་རང་ཉིད་འཆི་ལམ་དུ་དེད་པའི་སྣང་ཚུལ་ལས་མ་འདས། ལྷག་པར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྒྱུ་རྩལ་རྩོམ་རིགས་ཀྱི་རིན་ཐང་དང་གདེང་འཇོག་ནི་ཐན་སྐྱོན་གྱིས་གནོད་པའི་ཞིང་ས་ཞིག་དང་ཡོངས་སུ་མཚུངས།
ཁོར་ཡུག་འདི་འདྲ་ཞིག་ནས<<རུས་པའི་སྐར་མས>>རང་ཉིད་ཀྱི་འོད་དུ་འཚེར་བའི་མིག་ཟུང་རྒྱང་དུ་བསྲིངས་ཕོད་པ་ནི་ཁེར་ཚུགས་ཀྱི་གདོང་ལེན་ཞིག་དང་འཚོ་སྟངས་ཤིག་ཅི་ལ་མིན། <<རུས་པའི་སྐར་མས>>རབ་བྱེད་བཞིིའི་མིག་ཟུང་གིས་དཔའ་བོའི་ལང་ཚོ་གླུ་རུ་གྱེར་ཅིང་རུས་པ་དཀར་པོའི་མཛའ་བརྩེ་བཙལ། ད་དུང་འགྱུར་ཁུགས་ཚོན་པོ་གླུ་རུ་གྱེར་ཞིང་འདྲེན་བྱེད་རྣོན་པོ་འོད་དུ་བསྐྲུན་སྟངས་བཅས་ལས་སེམས་ཀྱི་ཟབ་ས་ནས་འབུས་པའི་ཚོར་ཤེས་གསོན་པོ་ཞིག་ང་ཚོར་བཞེངས་བསྐྲུན་བྱས་ཡོད། འདི་ལྟར<<རུས་པའི་སྐར་མས>>དཔའ་མཛངས་དང་སྤོབས་པ་མེ་རུ་སྒྲོན་པའི་དཔའ་རྒོད་ཚོའི་གསེར་གྱི་ཚེ་སྲོག་ལ་ཡི་རངས་རྗེས་དྲན་དང་། ལོ་རྒྱུས་ཀྱི་རུས་རྐང་སྣུམ་པོར་དད་འདུན་དང་རེ་སྨོན་ཞིག་གི་གདེང་འཇོག་ཁུར་ཏུ་བཞེས་ནས་ཕེབས་བྱུང་། <<རུས་པའི་སྐར་མ>>ལས་དངོས་ཡོད་འཚོ་བའི་གྲུ་ཟུར་རེ་ནས་རྙེད་པའི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ལྷོག་ལྷོག་ཏུ་གདུ་བཞིན་པ་མ་ཟད། རྩོམ་པ་པོས་འཆར་སྣང་གི་འདྲེན་བྱེད་ལས་བཟུང་བའི་མི་ཚེའི་རེ་བ་དང་ཕུགས་འདུན་དེ་རྒྱང་དུ་གཏད་ཡོད་པའི་གདེང་ཚོད་ཅིག་ཀྱང་ངང་གིས་རྙེད་བྱུང་། ཡིན་ནའང་སྙན་ངག་གི་རོལ་མྱོང་ནི་ཀློག་མཁན་རེ་རེའི་ཐུན་མོང་གི་གཤིས་ཁམས་དང་འདྲིས་ཆོག་པས་ན་ཀློག་མཁན་གཅིག་གིས་མཐའ་བསྡོམས་འགོད་པ་ནི་ཧ་ཅང་མི་འོས་པའི་བགྱིས་བ་ལས་མ་འདས་སོ། གང་ལྟར<<རུས་པའི་སྐར་མ>>འདི་ལྟར་ལམ་དུ་བུད་ཟིན་པས་རང་ཉིད་ཀྱི་ཤ་ཚུགས་ལས་བལྟམས་པའི་ལང་ཚོའི་རོལ་མྱོང་དངོས་ནི་དེ་ལ་མོས་པའི་ཀློག་མཁན་རྣམས་ཀྱི་བགོ་སྐལ་དུ་འཇོག་འོས་པ་ལས་འདིར་ཉོག་བཤད་འབྲི་བའི་དགེ་བ་མ་མཆིས་སོ།
ཡོངས་གྲགས་སུ”སྙན་ངག་འབྲི་བ་ནི་རང་སྲོག་གཅོད་པ་དང་འདྲ་ཞིང་། སྙན་ངག་ལ་དགའ་བ་ནི་རང་ཉིད་ལ་མནར་གཅོད་གཏོང་བ་དང་ཀུན་ནས་མཚུངས”ཟེར་བའི་བཤད་སྒྲས་དེའི་གནས་ལུགས་ཀྱི་ཡང་སྙིང་ཅི་ཞིག་ཡིན་ནམ། ངས་ནམ་རྒྱུན་སྐད་ཆ་འདིར་བསམ་གཞིགས་ཇི་ལྟར་བྱས་ཀྱང་དོན་འབྲས་ཤིག་ད་ལྟའི་བར་རྙེད་ཐུབ་ཀྱི་མི་འདུག ཡིན་ནའང་བསམ་བློ་ཞིབ་ཏུ་བཏང་ཚེ་སྙན་ངག་ལ་དགའ་དགོས་ན་ངེས་པར་དུ་གཡོ་ཟོལ་བྲལ་བའི་བརྩེ་བ་རྣལ་མ་ཞིག་དང་། སྙན་ངག་འབྲི་འདོད་ན་གུ་ཡངས་དང་རང་དབང་ལ་ཁ་ཕྱོགས་པའི་ཚོར་ཤེས་སྐྱེན་པོ་ཞིག གཞན་དེ་དང་ལྷན་དུ་སྤྱོད་ཤེས་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་དགོས་པ་དོན་དངོས་རེད། འདི་ལྟར་བསམས་ཚེ་ཡང་བསྐྱར་དྲི་བ་ཞིག་བྱུང་བ་ནི་འོ་ན་སྙན་ངག་གིས་ཅི་ཞིག་འཚོལ་བཞིན་ཡོད་དམ་ཟེར་བ་འདི་རེད། སྙན་ངག་ནི་མིའི་རྣམ་དཔྱོད་ཀྱི་དྭངས་མ་རྙེད་པའི་བླ་སྲོག་ཁྱད་པར་བ་ཞིག་རེད་ལ། མིིའི་འདུ་ཤེས་ལ་བྱི་དོར་བྱེད་པའི་རིགས་ལམ་ཁྱད་མཚར་བ་ཞིག་དང་མིིའི་བརྩེ་སེམས་ལ་རེ་འབོད་གཏོང་བའི་འཚོལ་སྙེག་གི་ལྟ་བ་ཡང་དག་ཅིག་ཀྱང་རེད་ཨང་།
སྙན་ངག་ནི་མིའི་ཚེ་སྲོག་གིས་བཞེངས་བསྐྲུན་བྱས་ཤིང་སྙན་ངག་གིས་སླར་ཡང་མིའི་ཚེ་སྲོག་གི་འགུལ་བསྐྱོད་ལ་རབ་འདེགས་བྱེད་བཞིན་ཡོད། མིའི་འཚོ་གནས་ཀྱི་དྲན་ཤེས་ལ་འབོད་པ་གཏོང་བཞིན་ཡོད། ད་བར་དུ་མིའི་འཇིག་རྟེན་དུ་སྙན་ངག་ཁོ་ན་ལ་མི་ཚེ་བསྟིམས་ཕོད་མཁན་གྱི་དམ་པ་ཅི་ཙམ་བྱོན་མྱོང་ངམ། སྤྱི་ཡོངས་ཀྱིས་ལས་རིགས་གཞན་དག་དང་བསྡུར་ཚེ་ཧ་ཅང་དཀོན་པོ་རེད། དེ་ལས་ང་ཚོས་ཅི་ཞིག་རྟོགས་ཐུབ་བམ། མ་གཞི་སྙན་ངག་ནི་གཏིང་ཟབ་ཅིང་འཚོལ་དཀའ་བའི་རྟོགས་འགྱུའི་རྨི་ལམ་ཞིག་རེད་ཨང་། དེ་ལ་ཅི་ཙམ་གྱིས་དད་སེམས་དང་ཡིད་ཆེས་བཅོལ་ན་ཚུར་ལའང་དེ་ཙམ་གྱིས་འགུགས་ཤུགས་དང་དུངས་སེམས་ཀྱི་སྤོབས་པ་སྦྱིན་ངེས། ངས་ནམ་རྒྱུན་འདི་ལྟར་འདོད་ཀྱི་ཡོད། སྙན་ངག་ལ་རང་ཉིད་ཀྱི་རིན་ཐང་དང་རང་ཉིད་ཀྱི་འགན་ཁུར་ཡོད་པས་སྙན་ངག་གིས་དོན་དངོས་ཀྱི་བདེན་པ་དབྱངས་སུ་གྱེར་ཐུབ་པའི་གདེང་ཚོད་ཅིག་ནམ་ཡང་རྙེད་དགོས་པར་འདོད་དོ།
༢༠༡༣ ལོའི་ཟླ་༥པའི་ཚེས་༨ཉིན་རྡ་རམ་ས་ལ་ནས་བྲིས།
ངེད་དྲ་ཚིགས།