ཁ་སྒང་གཡང་འབུམ་ཚེ་རིང་གི་སྙན་ངག་གཉིས།

ཁ་སྒང་གཡང་འབུམ་ཚེ་རིང་།

    རི་གྲོང་དེ་ན།

རི་གྲོང་དེ་ན།
རྒྱལ་ཁབ་ཅིག་གི་ཉམས་རྒུད་ཀྱི་རྔུལ་ཁྲག་འཁྱིལ་ཡོད་ལ།
མི་རིགས་ཤིག་གི་སྐྱོ་གར་གྱི་མིག་ཆུ་བཞུར་གྱིན་ཡོད།

རི་གྲོང་དེ་ན།
འཐབ་རྩོད་ཅིག་གི་ཡོ་ལང་ཆད་མྱོང་མེད་ལ།
སྨྲེ་ངག་ཅིག་གི་དབྱངས་རྟ་དེ་བས་ཀྱང་འཇགས་མྱོང་མེད།

རི་གྲོང་དེ་ན།
རྙིང་ཞེན་གྱི་སྐྲ་ལོ་འཛིག་སེ་བསླངས་ནས།
ལྟ་ཚུལ་གསར་བའི་མགོ་བོ་དུམ་སེ་གཅོད་མཁན་ད་རུང་མང་།

རི་གྲོང་དེ་ན།
སྐུ་དྲག་གི་ངོ་གདོང་ལ་མཛུབ་མོ་ཀེར་བཞིན།
རང་ཉིད་སྐུ་ངོར་འགྱིངས་མཁན་ཉུང་ཉུང་མིན།

རི་གྲོང་དེ་ན།
མེད་པོ་ཚོས་མེད་མུག་ལུང་བ་གང་འདོན་བཞིན།
མི་རིགས་བོར་བའི་སྤྱི་ཚོགས་ཤིག་ལ་འཐིམ་གྱིན་པའང་མིག་མཐོང་ལག་ཟིན་ཏོ།།

རི་གྲོང་དེ་ན།
བག་ལེབ་ཀྱི་བྲོ་བ་འབྲས་སྐྱ་ལྡ་ལི་ལ་འགྲན་བཞིན།
རྩམ་སྐྱའི་འཚོ་བ་ལ་ཁ་སྣོན་ཡོད་མྱོང་མེད་པའང་བདེན་པ་ཡིན།

རི་གྲོང་དེ་ན།
ཤེས་ཡོན་པ་ཚོར་ཨ་ཐང་དགུ་ཆད་བྱུང་ནས།
ཆབ་སྲིད་པ་ཁ་བདེ་མགོ་བདེ་ཚོས་སྲིད་ལ་ཇུས་གཏོགས་བྱེད་བཞིན་པའང་བསྙོན་འཛུགས་མིན།

རི་གྲོང་དེ་ན།
བདག་གིས་ཀྱང་ཐེ་གཏོགས་ཀྱི་ཁ་ཆུ་གཏོར་མྱོང་བ་ལས།
སེམས་ཤུགས་ཀྱིས་ལག་རྗེས་ཅི་ཡང་འཇོག་ཐུབ་མེད་པའང་ངོས་ལེན་གཙང་མ་ཞུ་བཞིན་ཡོད།

༢༠༡༥/༠༩/༢༩


དུས་ཀྱི་སྐྱོ་དབྱངས།

དཔྱིད་ཀྱི་དཔལ་ཡོན་རྒྱས་པའི་དུས་ཚིགས་དེ་ལ།།
ཁུ་བྱུག་སྔོན་མོས་སྙན་པོའི་གྲེ་འགྱུར་སྒྲོག་ཀྱང་།།
སེམས་ཀྱི་འཇོལ་མོ་རྒྱ་རྫོང་ནགས་ན་མེད་པས།།
སྐྱོ་བའི་ངུ་ངག་ཆུ་མོའི་གཞུང་ལ་བསྐུར་ཡོད།།

དབྱར་གྱི་མེ་ཏོག་བཞད་པའི་དུས་ཚིགས་དེ་ལ།།
རྐང་དྲུག་གཞོན་ནུའི་གཤོག་སྒྲ་དིར་དིར་མཆེད་ཀྱང་།།
སྙིང་གི་གཡུ་སྦྲང་མིག་གི་མཐོང་སར་མེད་པས།།
སྐྱོ་བའི་སྨྲེ་ངག་གཡུ་འབྲུག་སྔོན་མོར་སྤྲིངས་ཡོད།།

སྟོན་ཐོག་སྙེ་མ་དུད་པའི་དུས་ཚིགས་དེ་ལ།།
སྟོན་འབྲས་བསྡུ་ལ་དགའ་སྤྲོའི་དགོད་སྒྲ་མཐོ་ཡང་།།
སྟོན་ལོ་སེར་བོའི་རང་གཟུགས་མིག་ལ་ལྷུང་བས།།
དྲན་པའི་གདུང་བ་སྐྱི་བསེར་རླུང་གིས་བཏེགས་ཡོད།།

ནམ་ཟླ་གྲང་ངར་ཆེ་བའི་དུས་ཚིགས་འདི་ལ།།
ཡ་གིའི་རི་རྩེ་ཁ་བ་དཀར་པོས་གཡོགས་ཀྱང་།།
མ་གིའི་ཆུ་མོ་འཁྱགས་རོམ་མཐུག་པོས་བསྡམས་པས།།
གདུང་བའི་དབྱངས་རྟ་གྲང་མོ་རྡོ་བར་འབྱར་སོང་།།

༢༠༡༥/༡༠/༡༧

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s