གཅེར་བུ་པའི་སྙན་ངག་འགའ།

གཅེར་བུ་པ།


 ༈ སྣང་བ་དེ།

ཆང་གི་ཐིགས་པ་འཛག་པའི་མི་སེམས་སུ།།
སྤྲུལ་པ་བྱེ་བ་ཁྲག་ཁྲིག་ཅི་དགར་བསྒྱུར།།
འཇིག་རྟེན་ཁམས་བརྒྱ་ལག་མཐིལ་རི་མོ་བཞིན།།
གསལ་ལ་གསལ་བའི་ངང་ཚུལ་བརྗོད་ལས་འདས།།
དེ་ལྟ་མོད་ཀྱི་གཉིད་ཐུན་སྔ་ཕྱི་ཀུན།།
ཆགས་པའི་རི་མོས་རྩེག་པའི་བ་གམ་ཉིད།།
ཞིབ་ཏུ་བལྟས་ཚེ་དེ་ཡང་མིན་པ་སྟེ།།
དམ་བེ་སྟོང་པའི་ངོས་ཀྱི་ཆུ་རིལ་ཙམ།།

༢༠༡༥ །༡༠ །༡༡


༈ སྐབས་ཞིག་ལ།

མེ་ཏོག་རླུང་བུས་ལྕུག་ལྕུག་སྒུལ་བྱུང་།།
དྲན་པའི་ངོས་སུ་བསིལ་ཙམ་སྐྱོ་ཙམ།།
རི་དང་ལྗོངས་སུ་གྲིབ་མ་གོར་གོར།།
ག་ལེར་རྒྱུ་བའི་འགྲོས་ལས་བཏུས་པའི།
སྨྲེང་བ་སྟོང་གི་ཞག་མ་ཁྲི་གཅིག།
ཡིད་ཁམས་དབུས་སུ་དཀྲིགས་པའི་ད་ཚོད།།
མི་ཚོགས་རྩི་ཤིང་རྫོབ་པའི་ནགས་སུ།།
ལས་བསྐོས་ཕྲེང་ཀོག་རྙིང་ཟད་བཟུང་ཡང་།།
མ་ཎི་ཚར་གཅིག་བགྲང་ཁོམ་མ་བྱུང་།།

༢༠༡༥ །༡༠ །༡༡


༈ ང་རང་འཁོར་བར་ཡོད།

འཁོར་བའི་ངོས་ཀྱི་རི་མོ་དག་ནི་ཆེ་ཆུང་མི་འདྲ་སྣེ་མང་སྟེ།།
ངོས་ཤིག་མཐོང་ཡང་ངོས་ཤིག་མི་མཐོང་ང་ཚོའི་ནུས་པ་ཧ་ཅང་གཉོམ།།
ཟ་ཟུར་རེ་ནས་བཞེང་བར་བརྩམས་ཀྱང་ཟ་ཟུར་རེ་ནས་བཤིག་པ་སྟེ།།
ལ་མོ་ཕར་ནང་ཚུར་ནང་ཙམ་ལ་རྒྱང་ཐག་ཧ་ཅང་རིང་བར་རློམ།།
ཉི་མའི་འཆར་ནུབ་ཕར་ཕར་བདའ་ཞོར་འཆར་སྒོ་སྣེ་མང་བརྡལ་ན་ཡང་།།
ལས་དང་ལག་པ་འཕྲད་པའི་སྐབས་ལ་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན།།
འཛིན་པར་མི་ནུས་ཕངས་སེམས་དང་བཅས་མཛེས་པ་ཙམ་ལ་ཧད་དགོས་ཡོད།།
ལས་ཀྱི་བགྱི་བ་སྣ་ཚོགས་དག་ཀྱང་མེ་ཏོག་སྣེ་མང་བདལ་བའི་གསེང་།།
གདམ་གསེས་རྒྱག་པའི་དུས་ཚོད་ཙམ་ལ་ཚེ་ཡི་ཆ་ཤས་ཡོངས་སུ་རྫོགས།།


༈ གནམ་ངོ་དང་བསྡུར་བ།

སྤྲིན་པ་རི་རྩེ་གཅིག་ནས་གཅིག་ཏུ་རྒྱུད་དུས།།
མིག་ཟུང་བཙུམ་རྡེབ་མ་བྱས་རང་འགར་ཧད་པའི།།
བྱིས་དུས་ཆུ་ཤེལ་ལྟ་བུ་མཚར་གཤིས་དྭངས་མོ།།
གཡང་དཀར་ལུག་དང་མཉམ་དུ་འཁྲུངས་བ་ཡིན་རེད།།
མེ་ཏོག་སེར་ཆེན་མཉམ་དུ་བཞད་པ་ཡིན་རེད།།
འབྲི་མོ་ཐོད་དཀར་མཉམ་དུ་འཁྲིད་པ་ཡིན་རེད།།
མི་ཚེའི་སྔ་ཆ་དག་ནི་ཧ་ཅང་ལྷོད་ཡངས།།
སྔོ་བསང་ནམ་མཁའ་ངོས་དང་དབྱེ་བ་མེད་འདྲ།།
དེ་ནས་ཧོབ་ཏུ་གནམ་ངོ་གནག་པ་བྱུང་སོང་།།
སྤྲིན་དག་ལྷོག་ལྷོག་ཁོལ་བ་ལྟ་བུར་འདུས་ཏེ།།
དྲག་ཆར་བབས་ཤིང་ཆུ་ལོག་ཤག་ཤག་རྒྱུག་སོང་།།
ལུང་ཤུལ་རེ་ཡི་རྡོ་དང་རྡེ་འུ་དག་ཀྱང་།།
ཡུལ་ལུང་བརྗེས་ནས་གང་དུ་འཁྱེར་བ་སུས་ཤེས།།


༈ ཤག་གི་ཕྱི་ནང་དུ།

རབ་གསལ་ནང་ནས་རྟག་པར་ཕ་གེར་བལྟས།།
དབྱར་དགུན་སྟོན་དཔྱིད་རེ་བཞིན་བརྗེ་བ་ཡི།།
ལྗོན་པའི་ཚོགས་དང་འཇམ་མཉེན་རྩྭ་ལོ་དག།
ངག་མི་སྨྲ་བའི་གྲོགས་སུ་གྱུར་བ་ནས།།
མི་ཡི་ཡུལ་དུ་ལོ་གྲངས་བཅུ་ལྷག་ཕྱིན།།
སེམས་ཀྱི་མདངས་ནི་མིག་གི་ངོས་སུ་གསལ།།
མིག་གི་རྒྱལ་མོ་ཕྱི་རོལ་ལྗོངས་སུ་ཕེབས།།
ལོ་ངོགས་འདི་དག་རིང་གི་སྐྱིད་སྡུག་ནི།།
རི་ཚོགས་གན་དང་ལྗོན་པ་གན་ལ་གསལ།།
ད་ཚོད་བྱ་ཚོགས་སྐད་སྒྲ་ཐོས་ན་ཡང་།།
ཧ་ཅང་རྒྱུས་མེད་ཡིན་པའི་ངང་ཚུལ་མངོན།།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s