གཟུངས་ཕྱུག་སྐྱིད།
ཉིན་འདི་ཚོར།
སྔ་ས་ནས་ཚོར་བ་འགག་ཟིན་པའི་མྱི་ཆེན་ཚོས
ཕོ་བྲང་བརྗིད་པོ་ཞིག་གི་རྟོགས་བཟོ་གྱོན་ཏེ
གསོལ་མགྲོན་ཁང་རེ་རེར་ངལ་གསོ་བརྟེན་གྱིན
བྲིས་མ་ཚར་བའི་ལོ་རྒྱུས་དམར་པོ་ཞིག་ལ
སྒེར་བདག་གིས་མཇུག་ཤད་འགོད་ཀྱིན་འདུག
ཉིན་འདི་ཚོར
ཕ་ས་བརྗེད་ཀྱིན་པའི་རྒས་འཁོགས་མགོ་དཀར་ཚོས
གཙུག་ལག་ཁང་གི་མཐའ་འཁོར་ལ་ཡང་བསྐོར་བསྐྱར་བསྐོར་གྱིས
དག་སྣང་མ་ཡིན་པའི་ཐལ་མོ་ཟོལ་མ་ཞིག་བྲང་ཁར་སྦྱར་ཏེ
བུ་རབས་ཚ་རྒྱུད་དག
ལོ་རྒྱུས་ཀྱི་ཡིག་ཕྲེང་དང་གྱེས་པར་སྟ་གོན་བྱེད་ཀྱིན་འདུག
ཉིན་འདི་ཚོར
རང་སྐད་རྙོག་བཞིན་པའི་བྱིས་པ་བསམ་མེད་ཚོས
ལོ་ཚད་ལས་བརྒལ་བའི་ཧམ་སེམས་རེ་ཁུར་ཏེ
འཇིག་རྟེན་འདི་སུ་ཞིག་གི་ལག་མཐིལ་ན་ཡོད་མདོག་གིས
པོ་ཏ་ལ་ཐོབ་ཤོར་ཞིག་གི་ཁེར་རྐྱང་དུ་གླེང་གྱིན་འདུག
ཉིན་འདི་ཚོར
ཕྱོགས་བཞི་གང་ས་ནས་སྙིགས་ལུད་བཞིན་བཞུར་འོང་བའི་ཕྱི་གླིང་བ་དག་གིས
སུ་ཞིག་གི་ནར་མ་སོན་པའི་མིག་འབྲས་རེ་རེ་རྐུས་ཏེ
སའི་གོ་ལའི་སྟེང་དུ་ཚོན་ཁྲ་གཞན་ཞིག་སྣོན་གྱིན་འདུག
ཉིན་འདི་ཚོར
སྨུག་ནག་བན་བུན་ཞིག་བསྟུད་མར་འཐིབ་ཀྱིན་འདུག
འདྲིས་ཆེ་བའི་གྲོགས་པོ་རེ་རེ་ཡང
སྐར་མདའི་ཟོལ་གྱིས་མི་ཡུལ་གྱི་གྲུ་ཟུར་རེ་རེར་ཡལ་དུས
བདག་ལ་ཁེར་རྐྱང་ལྟ་བུའི་སྣང་བ་ཞིག་ཡང་ནས་བསྐྱར་དུ་འཁོར་བྱུང
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག