སྲིན་འབུ་མེ་ཁྱེར།

 ___ སྨྱུག་མདའ།

རླུང་གིས་ལོ་མ་འཁུར་ཤུལ་ཤོག་བུར་སྤྲུལ་དོན་ཅི་ཡིན།།
མགྲིན་པ་ས་རུ་འབབ་ཚུལ་གཏམ་རྒྱུད་གཞན་ཞིག་རེད་དོ།།
འགྲམ་པ་ལག་པས་བསྐྱོར་གྱིན་ཡི་གེ་ཁ་ཤས་བསྲེགས་བཞག།
མཚན་མོའི་ཚ་ཐབ་སྟེང་དུ་འཆི་བ་ཉེ་རུ་བཅར་འདུག།
གཤིན་རྗེས་བདག་ཉིད་གློད་པར་སང་ཉིན་འཛུམ་པ་ཨེ་ཡིན།།


དམར་པོ་དེའི་ལག་པ།

ཕྱི་དྲོ་ཞིག་གི་སྐེད་དུ་འཁྱུད་པའི།།
ཆར་བའི་ཟོལ་གྱིས་ཤག་ཤག་བྱོ་ན།།
འཁྱག་ཤི་ཐེབས་པའི་ཕྱེ་ལེབ་ཁྲ་བོ།།
ཇག་པའི་ཕོར་ཁ་ཤ་དྲི་འཐུལ་འདུག།
རྣམ་ཤེས་ལྗིད་ཚད་ཁྲོམ་དུ་བཤམ་ན།།
སྲེད་པ་སློང་བའི་རིགས་ཤིག་ཡོད་བཞག།


ད་ནངས།

བཙན་པོའི་རྐང་དུ་ཁྱོད་རང་བོས་ན།།
དོགས་སྣང་སྐོར་ཞིག་མདུན་དུ་འཚུབ་ཡོང་།།
སྙིང་ཁར་གླན་ཏེ་རུམ་ལ་བསྡུ་བཞིན།།
དགུན་མགོའི་ལྟོ་གོས་གྲ་སྒྲིག་བྱས་ཡིན།།
མི་སེར་དཀྱུས་མའི་འཚོ་བ་འདི་འང་།།
ཐོབ་ཤོར་ཟུང་གི་འགྲོས་ཤིག་རེད་དོ།།


ཕྱི་ནང་།

རྣ་བར་སིམ་པའི་རོལ་དབྱངས་སྙན་མོ།།
ཚོར་ཤུགས་ཕབ་པའི་སྙན་ངག་རེད་མོད།།
སྦུགས་སུ་འཐམ་པའི་རྒན་མོ་དེ་འང་།།
བར་སྐོར་ཐང་གི་འཚིག་དྲི་བྲོ་འམ།།
དཀྲུགས་ཇ་མངར་ཇའི་ཁུ་བ་བཏུང་ངམ།།
ཁྱེད་ཀྱི་གདོང་བ་ཉེ་ནས་མཐོང་བྱུང་།།
ང་རྒྱལ་ཆོམ་སྐད་གནམ་ས་འཁྲུགས་སོང་།།
རང་བརྩིས་རང་གིས་བཞི་མདོར་དེད་དོ།།


འོད་ཁུང་།

སེམས་ཀྱི་གཞུང་རྐང་ཞེ་དྲག་བརྟན་པས་ན།།
གངས་ཀྱི་རྣ་ལོང་ནམ་མཁར་འོད་ཀྲིག་གེར།།
གྲིབ་གཟུགས་རིང་ཐུང་རང་བཞིན་མངོན་པའི་ཚེ།།
དོ་ནུབ་ལྟ་བུར་འོད་ཁུང་པང་དུ་ལེན།།
རི་བོའི་སྨུག་སྤྲིན་དལ་གྱིས་ཡལ་བ་ན།།
ཐབ་ཀའི་གམ་དུ་སླར་ཡང་འདུ་འདུ་བྱེད།།
བ་ཆུང་ནང་དུ་ཟས་འཕྲོ་མཉམ་དུ་རོལ།།
དུ་བ་ཕྲན་ཙམ་མཐོང་རྒྱུ་ཡག་ག་འོ།།
ངག་གི་རོལ་རྩེད་བསྣོག་པའི་ཀུ་རེ་ཡིན།།

༢༠༡༥ །༡༠ །༢༠ མཚན་མོར།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s