སེམས་ཀྱི་གཤོག་པ།

མགར་བཟའ།

ས་སྲོས་མུན་པ་འཁྱིལ་བའི་ཐང་ཆེན་ནས།།
ཚིག་གི་དུངས་པ་རླུང་གི་རྟ་ལ་བསྐྱོན།།
སྐར་མ་ཐ་ཐོར་འཛུམ་པའི་མུན་ཁྲོད་ནས།།
དྲན་པའི་ཟླ་བ་ཡིད་ཀྱི་མཁའ་རུ་འཕག།

རི་ལམ་ཉག་ཁ་རེ་རེ་སྔར་བཞིན་ཡོད།།
ཁེར་རྐྱང་གྲིབ་མའི་གཟུགས་བརྙན་སུ་ལ་འཁོར།།
བརྩེ་འདང་རི་ཆུ་སིམ་པའི་ལྟེབས་ཁུག་ནས།།
སྐྱོ་བ་ནེམ་པོ་གླིང་བུའི་ཟོལ་གྱིས་བཞུར།།

གནམ་ས་གཅིག་ཏུ་འདྲེས་པའི་ཕ་མཐའ་ན།།
སུ་ལ་དབང་བའི་དུས་མཐའི་རྩེད་ར་ཡོད།།
འཆར་སྣང་རི་མོར་གསལ་པའི་ཁྱེད་ཕྱོགས་སུ།།
དགའ་སྐྱོའི་སྣང་བ་ཡོད་ཚད་རས་སུ་འཁོར།།

ཁྲི་དམག་རུ་མཚོན་གཡུལ་གྱི་མཐའ་རུ་ཡལ།།
གྱད་མི་རེ་རེ་འགྱུར་རྡོའི་གཟུགས་སུ་གྲུབ།།
ཡིན་མིན་གང་ལ་མི་གཏོགས་འཚོ་གནས་འདི།།
མྱ་ངན་ཐང་གི་བྱེ་མ་སྤར་གང་འདྲ།།

རྨི་ལམ་མཁར་རྫོང་མཐུག་པོའི་སང་ཉིན་ལ།།
དུས་ཀྱི་ཁ་ཆད་རིང་མོ་ཇི་ལྟར་འབུལ།།
མིག་གི་མཐའ་ན་འཛུམ་པའི་ཆུ་རིས་ལ།།
ཚིག་གི་བརྡ་ཆད་རེ་རེ་སུ་ཡིས་འགྲེལ།།

ཚེ་ཡི་ཚད་ཐིག་བལ་སྐུད་མཐོ་གང་ལ།།
ཚོར་བའི་གྲིམ་ལྷོད་རེ་རེ་སུ་ཡིས་གནང་།།
མདོར་ན་རི་ལམ་ཞིག་གི་བྱུང་བ་ཡང་།།
རང་སེམས་ཆུ་ཐིགས་སྙི་མོའི་ཟིལ་བ་འདྲ།།

༢༠༡༥ ༡༠ ༡༥

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s