རྒུ་རུ་བ་རྡོ།
ཞོགས་པ་བདེ་ལེགས། ལོ་འདི་ག་ནས་ཉིན་འདི་གར་ངའི་སེམས་གཏན་ནས་བདེ་བོ་བྱུང་མ་མྱོང་། དེ་ཡང་མདོར་དེད་ན་སེར་སྣ་འབའ་ཞིག་གིས་སོ། ། ཨོ། གསལ་བཤད་ཅིག་ལ་ང་ནི་རང་གིས་ལག་ཟུང་གིས་བཙལ་བའི་ལྟོ་ཆས་དག་ལ་རྦད་དེ་སེར་སྣ་མི་སྐྱེ་མཁན་ཞིག་ཡིན་ལ། ངས་དེ་སྔ་དགེ་རྒན་དག་ལ་ཡང་དངུལ་བརླགས་ན་རློགས། མི་མ་བརླག་ཅེས་སྨྲས་པ་ཡིན། ད་དུང་གསལ་བཤད་ཅིག་བྱེད་དགོས་ན། ངས་ཚ་རྐོང་གཅིག་གམ་འཆིང་བུ་གཅིག་གི་སྒྲོག་ཏུ་གྱུར་པའི་སློབ་གསོའི་མ་ལག་འདིའི་འོག་ན་ནར་སོན་གྱིན་པའི་ཁྱེད་ཚོར་སེར་སྣ་བླ་ལྷག་གིས་སྐྱེས་པ་དེའོ། ། འུ་ཚོ་སློབ་གསོ་ཞེས་པའི་མིང་དེ་དང་འབྲེལ་འདྲིས་བྱུང་བ་ནས། འུ་ཚོས་ཡང་དག་པའི་སློབ་གསོ་ཞིག་མྱང་མྱོང་མེད་པར་འུ་ཚོ་དང་རྒྱང་ཐག་ཆེས་རིང་བའི་རྒྱལ་ས་པེ་ཅིང་ལ་དགའ་ཞེས་པ་དང་། འུ་ཚོས་གཏན་ནས་ཧ་མི་གོ་བའི་གུང་ཁྲན་ཏང་ལ་དགའ་ཞེས་པ་དང་། འུ་ཚོས་གཏན་ནས་མཐོང་མ་མྱོང་བའི་མོའོ་ཀྲུའུ་ཞི་ལ་དགའ་ཞེས་པ་ལས། ང་ཚོ་ཕ་ཡུལ་དགའ། ཕ་མ་ལ་དགའ། ཕ་སྐད་དང་མ་ཡིག་ལ་དུངས་ལྟ་བུའི་སློབ་གསོ་རྦད་དེ་མྱངས་མྱོང་མེད། ལྷག་དོན་གློག་བརྙན་འཕྲིན་རིག་གནས་ཀྱིས་རིག་གནས་མ་ལག་ཡོད་ཚད་ཀྱི་ཚབ་བྱེད་པའི་དེ་རིང་ཡང་། འུ་ཚོར་འཇར་འགོག་དམག་འཁྲུག་ཁོ་ན་མ་གཏོགས་བལྟ་རྒྱུ་མེད། དེས་འུ་ཚོ་དང་ཤ་འཁོན་སྤུ་ཙམ་ཡང་མེད་པའི་མི་རིགས་ཤིག་ཕ་གསོད་ཀྱི་ལག་དམར་ལྟར་སྡང་སེམས་སྐྱེད་ཀྱིན་ཡོད། དེ་བས་ངས་རང་ཉིད་ཀྱིས་ཚོད་མེད་དུ་བརླགས་པའི་ལོ་ཟླ་དག་ལ་ཕྱི་མིག་ལྟ་བཞིན། ཁྱེད་ཚོར་སེར་སྣ་སྐྱེས་བྱུང་། ལྷག་དོན་འུ་ཅག་གི་ཕ་ས་ལག་མཐིལ་འདྲ་བོ། ཕ་མྱིང་གསེར་བྲིས་མ་བོ། ཕ་རུས་གསེར་ཐེལ་མ་བོ་གཞན་གྱི་རྡོག་འོག་ཏུ་རྫི་དུས། ངས་ཁ་རོག་གེར་མིག་ཆུ་གང་མང་བཏོན་མྱོང་ལ། ཞོར་དུ་ཁྱོད་ཚོར་ཡང་ལེ་བདའི་ཚིག་མདའ་གང་མང་འཕངས་མྱོང་། ནུས་པ་སྤུ་ཙམ་ཡང་མེད་པའི་ང་ཨང་། ད་ནི་སྐད་ཆ་དངོས་བཤད་པར་བྱ་སྟེ། དྲང་མོར་བཤད་ན་ཁྱོད་ཚོ་ནི་རེ་བ་ཉག་གཅིག་ལས་མ་འདས། དེ་བས་ངས་རང་གིས་མ་འཁྱོངས་པའི་ལེ་ལན་ནམ་འགན་འཁྲི་ཁྱོད་ཚོའི་མགོར་དཀྲི་འདོད། ཡང་ན་ཁྱོད་ཚོ་སད་པར་ཤོག དེ་ནི་བཀྲ་ཤིས་བརྩེགས་པ་དང་བསམ་པ་མྱུར་གྲུབ་ལྟ་བུའི་ཁ་གཡང་ཞིག་གིས་འཇོན་པ་ཞིག་མིན་ཏེ། མདོར་དེད་ན་དཔེ་ཀློག་མང་ཙམ་བྱོས་ཞེས་པ་ལས་རྙེད་མ་སོང་།
དཔེ་ཀློག་ཅེས་པ་ཡང་ཕོ་རོག་གིས་ཚང་འཆའ་བ་བཞིན་ལག་ཏུ་གང་ཐོན་གྱིས་མི་ལྟ་རོགས། ངས་འུ་ཅག་དང་བར་ཐག་ཆེས་ཉེ་བའི་བཟའ་བཅའ་དང་འབྲེལ་ཏེ་སྐད་ཆ་ཞིག་བཤད། དེ་ནི་ཤ་དང་རྩམ་པ་བཟས་ན་ལུས་ཕུང་ལ་ཕན་ཞིང་སྟོབས་ཤུགས་རྒྱས་པ་དང་ཀ་ར་དང་བུ་རམ་བཟས་ན་ཞིམ་པའི་ཚོར་སྣང་སྟེར་བ་རེད། དེ་བས་གཞུང་ལུགས་རང་བཞིན་གྱི་དཔེ་ཆར་མང་ཙམ་ལྟ་བ་ལས་སྒྱུ་རྩལ་རྩོམ་རིག་སྐོར་ལ་ཉུང་ཙམ་ལྟོས། གཞུང་ལུགས་ཞེས་པ་ཡང་བཀའ་པོད་ལྔ་ལྟ་བུར་གོ་མི་རུང་སྟེ། ༼དེར་མ་ལྟ་ཞེས་པ་མིན༽འུ་ཚོ་དང་བར་ཐག་ཆེས་ཉེ་བའི་ས་ཁམས་རིག་གནས་ཀྱི་དཔེ་ཆ། མིའི་རིགས་ཀྱི་བྱུང་བ་བརྗོད་པའི་དཔེ་ཆ། བོད་རང་གི་བྱུང་བ་བརྗོད་པའི་དཔེ་ཆ། བོད་རང་གི་རིག་གནས་ལོ་རྒྱུས་དང་སྐད་དང་ཡི་གེའི་བྱུང་བ་བརྗོད་པའི་དཔེ་ཆ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དཔེ་ཆར་ལྟ་རྒྱུ་གལ། དེ་ནས་དེ་དག་གི་གལ་ཆེན་རང་བཞིན་རྒྱུད་ལ་འབྱོར་བར་གྱིས་དང་། ཁྱོད་ཚོ་ཡང་ང་ནང་བཞིན་སེར་སྣས་བརྟས་པའི་མི་སྒེར་སེམས་ཅན་ཞིག་ཏུ་འགྱུར་ངེས། དེར་མ་འགྱོད་དང་ཁྱོད་ཀྱི་མི་ཚེར་དོན་སྙིང་ལྡན་པ་ཡིན། ངོ་མ་ཟེར་བ་ཡིན། མི་ཞིག་ལ་མཚོན་ན། བཟའ་བཏུང་འབའ་ཞིག་ལས་རང་དང་འབྲེལ་བ་ཡོད་དོ་ཅོག་ལ་ཤ་གསེང་རུས་གསེང་ནས་བརྩེ་བ་ཡོད་དགོས། སེར་སྣ་སྐྱེ་དགོས། དེ་དུས་ཁྱོད་ཚོས་ཕ་མེས་ཡང་མེས་དག་གི་བཀའ་དྲིན་དྲན་ངེས་ལ་བུ་རབས་ཚ་རྒྱུད་དག་གི་སང་ཉིན་ལ་ཡང་བསམ་བློ་གཏོང་ངེས། དེ་ནས་ཁྱོད་ཚོ་ཡང་ཆགས་སྡང་གི་ཕུང་པོ་ཞིག་ཏུ་གྱུར་འགྲོ།
ད་ནི་བཤད་བཤད་དེ་ཡང་སྙིང་ངོ་མ་དེ་ཤོད་མ་སོང་ལ། ཡང་སྙིང་ངོ་མ་དེ་ཡང་མདོར་དེད་ན་དཔེ་ཀློག་མང་ཙམ་བྱོས་ཞེས་པ་དེའོ། ། གང་དག་ལ་ལྟ་དགོས་ཞེ་ན། དོན་གྲུབ་དབང་འབུམ་གྱི༼བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས། རྒྱ་ཡིག་པར་མ། ༽ འབྲུ་གུང་སྐྱབ་མགོན་ཆེ་ཚང་གི༼བོད་བཙན་པོའི་རྒྱལ་རབས།༽ སྡེ་རོང་ཚེ་རིང་དོན་གྲུབ་ཀྱི༼བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ། རྒྱ་ཡིག་པར་མ། ༽ དེ་ནས༼ལྡེའུ་ཆོས་འབྱུང་༽ དང༼ཆོས་འབྱུང་མཁས་པའི་དགའ་སྟོན་༽ སོགས་ལ་བལྟ་དགོས། ཡང་ཆོས་འབྱུང་དག་ལ་ལྟ་སྐབས་དེ་དག་གི་མགོར་སྟོན་པ་ཤཱཀྱ་འཁྲུངས་ཚུལ་དང་བསྟན་པ་དམ་ཆོས་དར་ཚུལ་ཅུང་མང་བས་མགོ་ན་ན། སྐབས་གཉིས་པའམ་ལེའུ་གཉིས་པ་སྟེ་བྱེ་བྲག་བོད་རྒྱལ་རབས་ནས་ལྟོས་དང་སྤྲོ་བ་འཕེལ་ངེས། དེ་ནས་ཚེ་རིང་དོན་གྲུབ་ཀྱི་༼རླུང་དམར་འུར་འུར་༽ དང་ནག་ཚང་ནུས་བློའི༼ ནག་ཚང་ཞི་ལིའི་སྐྱིད་སྡུག ༽ བྱ་མདོ་རིན་བཟང་གི༼ངའི་ཕ་ཡུལ་དག་ཞི་བའི་བཅིངས་འགྲོལ། ༽ ༼ངའི་ཕ་ཡུལ་དང་གཟབ་ཉན༽ སོགས་ལ་ལྟ་རྒྱུ་གལ། སྤྱིར་རང་ས་རང་ཡུལ་དང་འབྲེལ་བའི་དེབ་རེ་ཁྱོད་ཚོར་ངོ་སྤྲོད་བགྱིས་ན་འོས་མོད། མིག་སྔར་འུ་ཚོར་རེ་བ་ཅན་གྱི་དེབ་གཅིག་ཀྱང་ཡོད་མ་རེད། ༼རུས་མཛོད་ཅིག་ཡོད་ཀྱང་རིན་ཐང་ཟེར་བ་མིག་བརྒྱ་སྤྲུལ་ཏེ་བལྟས་ཀྱང་རྙེད་མ་སོང༽་ཁྱེད་ཚོ་ཡང་མི་མང་ཆེ་བ་ནང་བཞིན་ལོ་རྒྱུས་ལ་ལྟ་རྒྱུར་མི་མོས་མོད། རྒྱུ་མཚན་ནི་ལོ་ཚིགས་དང་མི་སྣ་སོགས་ངེས་དཀའ་བ་དེ་རེད། ངས་ཁྱོད་ཚོར་བཤད། ཆེད་དུ་ལོ་རྒྱུས་ཞིབ་འཇུག་མཁན་ཞིག་མིན་ན་ལོ་ཚིགས་དང་མི་སྣ་ངེས་རྒྱུ་དེ་འདྲ་མི་གཙོ། གཙོ་བོ་ལོ་རྒྱུས་ཀྱི་སྤྱི་ཁོག་ཅིག་སེམས་ལ་ཆགས་དགོས། དེ་ཡང་བོད་བཙན་པོའི་སྐབས་ལ་སྲོང་བཙན་གྱི་ཡར་སྔོན་དང་སྲོང་བཙན་ནས་ཁྲི་དར་མའི་བར། ༼འདི་ལ་བཙན་པོའི་རྒྱལ་རབས་ཕྱེད་སྔ་མ་ཕྱེད་ཕྱི་མ་ཞེས་ཀྱང་བརྗོད་ཆོག ༽དེ་ནས་བོད་སིལ་བའི་དུས་ནས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བར་གྱི་ལོ་རྒྱུས་དག་ལ་ལྟ་དགོས། བོད་སིལ་བའི་དུས་ཀྱི་ལོ་རྒྱུས་ཅུང་རྙོག་དྲ་ཅན་ཞིག་ཡིན་པས་བཙན་པོའི་རྒྱལ་རབས་མཇུག་བསྒྲིལ་པ་ནས་ས་སྐྱའི་སྲིད་དབང་མ་ཚུགས་པའི་བར་ཁག་གཅིག་དང་། དེ་ནས་རིམ་བཞིན་ས་སྐྱའི་སྲིད་དབང་སྐབས། ཕག་གྲུའི་སྲིད་དབང་སྐབས། རིན་སྤུངས་ཀྱི་སྐབས། གཙང་པ་སྡེ་སྲིད་ཀྱི་སྐབས། དེ་ནས་དགའ་ལྡན་ཕོ་བྲང་གི་སྐབས་སོགས་གོ་རིམ་དབྱེ་སྟེ་ལྟོས་དང་ཡིད་ལ་ངེས་སླའོ། །
དེ་དུས་ཤིག་ལ་ངས་ཁྱོད་ཚོར་སྐད་ཆ་ཞིག་བཤད་མྱོང་། ཡིག་རྨོངས་པ་ཟེར་བ་ཡང་སྙིང་ག་འདྲ་ཞིག་ཡིན་པ་འཇོག་དཀའ་མོ་འདུག རྒྱ་བོད་ཡིག་རིགས་ཀུན་ལ་ཐོགས་རྡུག་མེད་ཅིང་རང་གི་མི་རིགས་དང་ཕ་ས་ཕ་ཡུལ་ལ་ཁྱོན་ནས་མི་དགའ་མཁན་དེ་དག་ངས་ཡིག་རྨོངས་པ་ལས་ཀྱང་རྨོངས་ནག་ཅིག་ཏུ་ངོས་འཛིན་གྱིན་ཡོད་ཅེས་བཤད་པ་དྲན་ནམ། དྲན་ན་སྐད་ཆ་དེ་མ་བརྗེད་པར་གྱིས་དང་ངའི་སྙིང་ཉེ་བའི་གཞོན་ནུ་ཚོ། ནམ་ཞིག་ཁྱོད་ཚོ་ཡང་ནར་སོན་ཏེ་རང་རང་གི་འཚོ་ཚིས་ཀྱི་དོན་དུ་མགོ་འཁོར་ཏེ་དུས་འདའ་བར་བྱེད་ངེས། དེ་ནི་གོ་རིམ་ཞིག་ལ་ངེས་པར་བརྒྱུད་དགོས་པའི་ལམ་ཞིག་ཀྱང་ཡིན། གཙོ་བོ་གོ་རིམ་དེ་དག་གི་ཁྲོད་ནས་རང་གི་མི་རིགས་དང་རང་གི་རིག་གནས། རང་གི་ཕ་ཡུལ་དག་ལ་གནོད་པའི་ལས་མ་བྱེད། ནམ་རྒྱུན་རང་གིས་རང་ལ་ང་སུ་ཡིན་པ་དང་ང་སུ་ཚང་གི་ཡིན་པ། ལས་གང་ལ་འཇུག་དགོས་པ་དང་གང་ལ་འཇུག་མི་རུང་བ་སོགས་དྲན་གསོ་བྱེད་རྒྱུ་རྒྱུད་ལ་གོམས་པར་མཛོད།
ངའི་སྙིང་ཉེ་བའི་གཞོན་ནུ་ཚོ། ལོ་འདི་གར་འུ་ཚོའི་ཕ་ཡུལ་གྱི་གནས་སྟངས་ལ་ཞིབ་ཏུ་ལྟ་ཨེ་མྱོང་། དགོན་པ་བཏབ་པ། ཞིང་ལས་གཉེར་བ། གསེར་དང་ཟངས་ཀྱི་གཏེར་ཁ་བརྡོལ་པ། མི་མང་པོས་གཏེར་འདྲེན་རླངས་འཁོར་ཉོས་པ། ལས་གཞི་ཆེ་མ་ཆུང་གསུམ་གྱི་ཁང་པ་མང་པོ་ཕུབས་པ། མཉམ་ལས་ཁང་བཙུགས་པ། ཡོང་མ་བཏབ་པ། ཨ་ཡོ་ཤེ། ད་ནི་རེ་རེ་བཞིན་བགྲང་ན་མང་དྲགས་སོང་། ཁྱོད་ཚོས་ཅིས་ཀྱང་འདི་དག་གི་རྒྱབ་རོལ་ལ་བསམ་བློ་གཏོང་དགོས། སང་ཉིན་འུ་ཚོས་བུ་རབས་ཚ་རྒྱུད་དག་ལ་གནའ་གཏམ་གཙང་མ་ཞིག་ཅིས་ཀྱང་བཤད་ཤེས་དགོས།
ད་ནི་མང་པོ་ཞིག་བཤད་ཡོད་མོད་ཅི་ཡང་ཤོད་མ་སོང་། ཉོག་བཤད་ལུང་ནག་གང་བརྒྱབ་ཡོད། ག་ལེར་ལྟོས་དང་། ཁྱེད་ཚོར་ཕན་རེ་ཨེ་ཐོགས་སྙམ་པ་ཡིན། ཡང་ན་འུ་ཚོར་ཕན་རེ་ཨེ་ཐོགས་སྙམ་པ་ཡིན།
སྙིང་ཉེ་བའི་གཞོན་ནུ་ཚོ། གནས་སྐབས་བདེ་མོ།
2015/10/18/ཉིན་རྡོ་ཁང་གྲུ་བཞི་རུ།
ངེད་དྲ་ཚིགས།