ལང་ཚོ་དང་རྦབ་ཆུ།
—དོན་གྲུབ་རྒྱལ་དཀར་འདོན་བྱས་པའི་སྐོར།
བན་ཤུལ་དཔལ་མཁར་རྒྱལ།
དེ་ལ་བོད་ཀྱི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་རྩོམ་པ་པོ་དོན་གྲུབ་རྒྱལ་ཞེས་པ་ཞིག་བྱུང་མྱོང་ཡོད། ཁོང་གི་རྣམ་དཔྱོད་ལས་བྱུང་བའི་རྩོམ་རིག་དང་མི་རིགས་ཀྱི་འདུ་ཤེས་དྲག་པོ་སོགས་ལ་ཡིད་སྨོན་མི་བྱེད་པ་ཕལ་ཆེར་མེད་མོད། སྐབས་དེ་ག་རུ་ <སྤྲུལ་སྐུ> ཞེས་པའི་སྒྲུང་རྩོམ་ཞིག་བྲིས་པས་ཆོས་བྱེད་སེར་མོ་བ་འགའ་རེ་ནས་དམོད་མོ་བཏབ་ཚུལ་ཡང་འདུག་མོད། དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་ཞིག་ཏེ་ཡ་མཚར་རྒྱུ་ག་ལ་ཡོད། རིག་གསར་སྐབས་སུ་ཆོས་ཀྱི་འབག་གྱོན་པ་རྣམས་ཀྱིས་ཞིང་གི་མཐུ་རྣམས་ལ་སྲབ་བཞག་ནས་རྟ་ལྟར་ཞོན་པའང་ཡོད་ཚུལ་སྐབས་འདིར་ཡིད་ལ་དྲན་སོས་པར་བྱའོ།། གང་ལྟར་ཁོ་བོས་ནི་ལོ་རབས་བརྒྱད་ཅུ་བའི་ནང་ལ་དོན་གྲུབ་རྒྱལ་གྱིས་བོད་ཀྱི་རིག་གཞུང་ལ་བཞག་པའི་བྱས་རྗེས་དེ་དག་སུས་ཀྱང་གསུབ་ཏུ་མེད་པ་ཞིག་རེད་སྙམ།
ཉེ་ཆར་བོང་རྫི་ཟེར་བ་ཞིག་གིས་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་ལ་ཉེས་མེད་ཀྱི་ཞྭ་མོ་ཆེན་པོ་རེ་བསྐོན་ནས་རིགས་ཀྱི་ནང་ཚགས་མཐུན་ལམ་ལ་གཏོར་བརླག་དང་། གཞོན་རབས་གང་ཡོད་དམར་པོའི་ཕྱོགས་སུ་གཅོད་ཅིང་སྒྲུབ་ཁུལ་གྱིས་འུར་ཆེན་པོ་གང་སར་རྒྱག་པའི་ཚུལ་ནི་དྲ་ལམ་དང་གསར་ཤོག་མང་པོར་བཀྲམ་ཚར་འདུག་ཅིང་། ལར་ཁྱིའི་ཁ་ནང་དུ་ལག་པ་འཇོག་པ་ཐེ་ཚོམ་ཤིན་ཏུ་ཆེ་བའི་གནས་ཡིན་མོད་རང་རེའི་གཞོན་རབས་འགའི་རེ་སྐུལ་དང་བསྟུན་ཏེ་རིགས་ཀྱི་འདུ་ཤེས་དྲག་ཏུ་སད་པའི་འདས་པོ་དོན་གྲུབ་རྒྱལ་ལ་དཀར་འདོན་ཆུང་ངུ་ཞིག་བྱའོ།།
དེ་ལ་ཁོ་བོས་ལོ་མང་པོར་དམ་པ་གོང་མ་དག་གི་ཐུགས་བཅུད་ལས་ཕྱུང་བའི་གསུང་རབ་དང་ཡིག་རྙིང་ཅི་རྙེད་བཙལ་ནས་བཀླག་ཏེ་སྙིང་པོ་ལེན་པ་ལས་དིང་སང་གི་གསར་རྩོམ་མང་པོར་སྤྲོ་བ་ཅང་མེད་ལ། ཁྱད་པར་དུ་བོང་རྫིས་དོན་མེད་དོན་ལོག་གི་འཆལ་རྩོམ་དག་བཀླག་པ་ནི་མི་སྲིད་པ་ཞིག་ཡིན་པས་དེའི་ཅི་ཟེར་དངོས་ནས་ཤེས་ཀྱི་མེད་མོད། འདི་ཚོས་བཤད་སྟངས་ལྟར་བྱས་ན་དོན་གྲུབ་རྒྱལ་གྱི<ལང་ཚོའི་རྦབ་ཆུ>ཞེས་པའི་རྩོམ་བྱང་ལས་འཕྲོས་ཏེ་ལང་ཚོ་དང་རྦབ་ཆུ་སོགས་བོད་ཀྱི་ཐ་སྙད་དང་བོད་ཀྱི་རིག་གནས་མིན་ཟེར་བཞིན་འདུག་ལབ་མོད། བླ་བརྡོལ་བའི་བབ་ཅོལ་གྱི་མུ་ཅོར་དང་གཟུ་ལུམ་ཏེ། མཉམ་མེད་ཐུབ་པའི་དབང་བོ་རབ་ཏུ་བྱུང་བའི་དུས་སུ་མདོ་ཚིག་ཅིག་ཡོད། མདོ་ཚིག་དེ་ནི་ཕྱིས་ཀྱི་དམ་པ་ཕལ་མོ་ཆེ་ཡིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་འགོད་པའི་སྐབས་སུ་གང་སར་དྲངས་པ་མཐོང་རྒྱུ་ཡོད་ལ། དེ་ནི”ལང་ཚོ་མི་སྡོད་རི་གཟར་རྦབ་ཆུ་འདྲ”ཞེས་པ་དེ་ཡིན། ང་ཚོས་མདོ་ཚིག་འདི་ལ་ཞིབ་ཏུ་དཔྱད་ན། བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་སུ་རྦབ་ཆུ་བྱ་བའི་ཐ་སྙད་ཡོད་པ་ཙམ་མ་ཟད་ལང་ཚོ་ལ་སྦྱར་བའི་དཔེའང་ཡོད་པ་ནི་མིག་ལ་བསྟན་དུ་ཡོད་པ་འདི་ཡིན། དེ་བཞིན་དུ་རྒྱ་ཆེར་རོལ་བའི་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་རྦབ་ཆུ་བཞིན་དུ་མྱུར་མགྱོག་འགྲོ།། ཞེས་བོད་ཀྱི་སེམས་ཁམས་ལས་བྱུང་བའི་ཚིག་སྦྱོར་མང་དུ་ཡོད་པ་རྣམས་བོང་རྫིས་ཧ་ལམ་མཐོང་བའི་ཚོད་མེད་དེ་མགོ་བོ་འགལ་མེ་བཞིན་འཁོར་བའི་དམ་བཅའ་བྱེད་ཚུལ་དེས་ཀྱང་རྟོགས་ནུས་པ་ཡིན།
དེས་ན་འདས་པོ་རྩོམ་མཁན་དོན་གྲུབ་རྒྱལ་གྱིས་རང་རེའི་སྲོལ་རྒྱུན་གྱི་རིག་གཞུང་ན་ཡོད་པའི་ལང་ཚོ་དང་རྦབ་ཆུའི་ཚིག་སྦྱོར་དང་། དེའི་སེམས་ཁམས་ཀྱི་འཆར་སྒོ་བསྐྱུར་ནས་རྒྱ་ཡི་རིག་གཞུང་ཁྲོད་མངོན་པའི་ལང་ཚོ་དང་རྦབ་ཆུ་བཀོལ་པ་ནི་བོང་རྫིས་གང་ནས་ཇི་ལྟར་ཤེས་སམ། དོན་གྲུབ་རྒྱལ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་བྱང་ཆ་ཧ་ཅང་དོད་པོ་ཡོད་པའི་ཚུལ་ནི<རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ>དང་<མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལ་དཔྱད་པ>ཞེས་པའི་བར་སྐབས་ཀྱི་ངལ་གསོའི་ཚིགས་བཅད་རྣམས་ལ་བལྟས་ནའང་ཤེས་ཐུབ་ཏེ། རྣམ་དཔྱོད་ཅན་གཟུར་གནས་ལྡན་པ་དག་གིས་གཡོ་མེད་བདེན་པའི་ཞལ་རས་ལ་མ་ཉེས་ཀྱི་མཆིལ་ཞགས་ནམ་ཡང་འདེབས་མི་སྲིད་དོ།།
འདི་ལས་འཕྲོས་ཏེ་ཁོས་རང་མོས་སྙན་ངག་སྐོར་ལའང་མུག་ཅོར་ལུང་པ་གང་སྨྲ་བར་བྱེད་ཅེས་ཐོས་མོད་སྒྲུབ་བྱེད་ཀྱི་མགོ་མཐོང་ཡོང་དུས་ཨོང་ཤ་ཕལ་ཆེར་ཡིད་ལ་དྲན་ཡོང་། དོན་གྲུབ་རྒྱལ་དང་མཉམ་འགྲོ་མཉམ་འདུག་གི་སློབ་གྲོགས་ཚེ་བརྟན་རྒྱལ་ཞུ་བ་ཞིག་ངའི་སྙན་ངག་གི་དགེ་རྒན་ཡིན། ཁོང་གིས་གསུངས་པ་ལྟར་ན། <ལང་ཚོའི་རྦབ་ཆུ>འདིའི་ཚིག་སྦྱོར་གྱི་འགྲོ་སྟངས་ནི་རྒྱལ་དབང་ལྔ་བ་ཆེན་མོ་ལ་ལད་མོ་བྱས་པ་ཞིག་ཡིན་ཞེས་དོན་གྲུབ་རྒྱལ་རང་ནས་སྨྲས་འདུག་པ་ང་ཚོ་ལ་སློབ་ཁྲིད་གནང་དུས་སུ་གསུངས་མྱོང་ཡོད། དེའི་ཕྱིས་སུ་རྒྱལ་དབང་ལྔ་བའི་གསུང་རྩོམ་རྣམས་ས་བསློག་རྡོ་བསློག་བྱས་ནས་ཀློག་དུས་སུ<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>གཞུང་ན་དགའ་བདེ་དཔལ་སོགས་ཚིག་སྦྱོར་དོ་མི་མཉམ་པའི་རང་མོས་སྙན་ངག་གི་དབྱིབས་ཅན་ཞིག་དངོས་སུ་སྣང་འདུག་པ་ནི་གཞུང་དེར་ཞིབ་ཏུ་ལྟོས་ཤིག
མདོར་ན་བརྗོད་བྱ་ལང་ཚོའི་རྦབ་ཆུ་དང་རྗོད་བྱེད་རང་མོས་སྙན་ངག་གང་ཡིན་ཡང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཁུངས་གཏུགས་ཞུ་ཡུལ་ཡོད་ཅིང་། འདིའི་ངང་ཚུལ་སོགས་ཅི་ཡང་མ་རྟོགས་པར་དོན་མེད་དུ་འདས་པོ་གང་ལ་བླ་གཅོག་བྱེད་པ་ནི་མི་ཆོས་དང་མི་མཐུན་པ་ཞིག་ཡིན་པས་ཆེད་དུ་ལྷག་བསམ་རྣམ་དག་གིས་དཔྱད་ཐུང་འདི་བྲིས་ཏེ་དོན་གྲུབ་རྒྱལ་ལ་དཀར་འདོན་དང་གཟུར་གནས་རྣམ་དཔྱོད་ལྡན་པ་དག་ལ་སྐྱེས་སུ་བཏེགས་པ་ཡིན།
༢༠༡༥/༡༠/༣༠/ལ་མངའ་རིས་སྨད་མང་ཡུལ་གུང་ཐང་གི་བཙད་པོའི་མི་རྒྱུད་ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་སུ་ཤར་མར་བྲིས་སོ།།
ངེད་དྲ་ཚིགས།